རྒྱ་གཞུང་གིས་མདོ་སྨད་མདོ་ལ་རྫོང་འབྲོག་ས་གཞུང་བཞེས་གཏོང་རྒྱུ།


2017.08.24
རྒྱ་གཞུང་གིས་མདོ་སྨད་མདོ་ལ་རྫོང་འབྲོག་ས་གཞུང་བཞེས་གཏོང་རྒྱུ། མདོ་སྨད་མདོ་ལ་རྫོང་།
Photo: RFA

༄༅། མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་ མདོ་ལ་རྫོང་གི་འབྲོག་པ་མང་ཚོགས་ཀྱི་སྒོ་ཕྱུགས་ཇེ་ཉུང་དུ་གཏོང་ཐབས་སླད་འབྲོག་པའི་སྒོ་ཕྱུགས་འཚོ་སྐྱོང་བྱེད་ས་དབྱར་ས་དང་སྟོན་ས་གཉིས་རྒྱ་གཞུང་གིས་གཞུང་བཞེས་བྱས་ཏེ་རྩྭ་ས་བཀག་འགོག་བྱེད་རྒྱུ་ཡིན་པ་འདི་ག་རླུང་འཕྲིན་ཁང་དུ་བོད་ནས་གནས་ཚུལ་འབྱོར་ཞིང་། ད་དུང་ཡང་འབྲོག་པའི་དགུན་ས་ཆུང་དུ་གཏོང་རྒྱུ་མ་ཟད། ལོ་རྗེས་མར་སྒོ་ཕྱུགས་ཀྱི་གྲངས་འབོར་ཇེ་ཉུང་དུ་བཏང་ནས་གཞུང་གི་འཆར་བཀོད་ལྟར། ངེས་པར་དུ་འགྲོ་དགོས་ལུགས་བརྗོད་དེ་ད་ལྟའི་ཆར་འབྲོག་པ་རྣམས་ཐབས་ཟད་འུ་ཐུག་གི་སྒོ་ཕྱུགས་ཚོང་བཞིན་ཡོད་འདུག བོད་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ས་གནས་འབྲོག་པ་ཞིག་གིས་གནས་ཚུལ་མཁོ་སྤྲོད་བྱས་པར་གཞིགས་ན།  མཚོ་བྱང་ཁུལ་མདོ་ལ་རྫོང་འབྲོང་ལུང་ཡུལ་ཚོའི་སོག་རིགས་དང་བོད་རིགས་འབྲོག་པ་མང་ཚོགས་ལ་ས་གནས་རྒྱ་ནག་གཞུང་གིས་དབྱར་ས་དང་སྟོན་ས་གཉིས་གཞུང་བཞེས་ཀྱི་སྒོ་ཕྱུགས་ཀྱི་གྲངས་འབོར་ཉུང་དུ་གཏོང་དགོས་པའི་བཀོད་ཁྱབ་ཅིག་འབྱོར་ཡོད་སྟབས་ད་ལྟའི་ཆར་སོག་པོ་དང་བོད་རིགས་འབྲོག་པ་མང་ཚོགས་ཀྱིས་སྒོ་ཕྱུགས་བཙོང་བཞིན་པའི་སྒང་ཡིན་འདུག སྤྱིར་མདོ་ལ་རྫོང་གི་འབྲོག་སའི་ཁུལ་དེ་ནི་སློབ་གསོའི་མཐུན་རྐྱེན་ཧ་ཅང་ཞན་པའི་དབང་གིས་ས་གནས་བོད་མིའི་ཁྲོད་ཡི་གེ་ཤེས་མཁན་ཤིན་ཏུ་དཀོན་པོ་ཡིན་འདུག་པ་དང་། ཡུལ་ཚོ་དང་རྫོང་སོགས་སུ་སློབ་གྲྭ་འགའ་ཤས་ཡོད་པའི་ནང་། བོད་ཡིག་གི་སློབ་ཚན་མེད་པ་དང་གལ་ཏེ་སྒོ་ཕྱུགས་ལ་བརྟེན་པའི་འཚོ་རྟེན་མེད་པར་འགྱུར་ཚེ། མ་འོངས་འཚོ་རྟེན་ཀྱི་དམིགས་ས་གཞན་མེད་པར་བརྟེན་ས་གནས་བོད་མི་ཚོས་སེམས་ཁྲལ་ཆེན་བྱེད་བཞིན་ཡོད་འདུག རྒྱ་གཞུང་གི་འཆར་གཞི་ལྟར་ན། ས་གནས་འབྲོག་པ་མང་ཚོགས་རྣམས་ས་ཁུལ་གཅིག་ཏུ་བསྡུས་ནས་གྲོང་བརྡལ་གྱི་འཚོ་བར་སྤྱོད་དུ་བཅུག་ཚེ་ཤེས་བྱ་ཡོན་ཏན་དང་ལག་ཤེས་རིགས་གཅིག་ཀྱང་མེད་པའི་འབྲོག་པ་མང་ཚོགས་རྣམས་དཀའ་ངལ་ཤིན་ཏུ་ཆེན་པོའི་གནས་སྟངས་སུ་ལྷུང་རྒྱུ་ཡིན་པ་འགྲེལ་བརྗོད་གནང་འདུག  
གསར་འགོད་པ་དོན་གྲུབ་རྣམ་རྒྱལ་དང་སྟག་ལྷ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎