རྒྱ་ནག་ལ་ཁ་གཏད་ཀྱི་སྲིད་ཇུས་བཟུང་ཚེ་གདོང་ལེན་བྱ་སྲིད།
2017.01.13
རྒྱ་ནག་ལ་རྒྱ་གར་གྱིས་ཁ་གཏད་ཀྱི་སྲིད་ཇུས་བཟུང་ཚེ་རྒྱ་ནག་གིས་དྲག་འཐབ་ཀྱི་གདོང་ལེན་བྱ་སྲིད་པའི་དཔྱད་རྩོམ་སྤེལ་འདུག
བོད་ཀྱི་གནད་དོན་འདི་བཞིན་རྒྱ་ནག་གཞུང་གིས་རྩ་འཛིན་གྱི་གནད་དོན་གཙོི་བོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པར་བརྟེན་གལ་ཏེ་བོད་ཐོག་འཛིན་པའི་རྒྱ་ནག་གི་ལངས་ཕྱོགས་ལ་ རྒྱ་གར་གྱིས་ཁ་གཏད་གྱི་སྲིད་ཇུས་བཟུང་ཚེ། རྒྱ་ནག་གིས་རྒྱ་གར་ཐོག་དྲག་འཐབ་ཀྱི་གདོང་ལེན་བྱ་སྲིད་པའི་སྐོར་ཚེས་༡༣་ཉིན་The Wire་ཞེས་པའི་རྒྱ་གར་ནང་གི་དྲ་ལམ་གསར་ཤོག་ཐོག་དཔྱད་རྩོམ་སྤེལ་འདུག
དེ་ཡང་Ranjit Kalha་ཞུ་བའི་རྒྱ་གར་གྱི་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་ཆེ་ཟུར་པ་ཞིག་གིས་ གོང་གསལ་གསར་ཤོག་སྟེང་། ཉེ་དུས་རྒྱ་གར་ནང་གནད་དོན་དབྱེ་ཞིབ་ཁག་གཅིག་གིས་རྒྱ་གར་གཞུང་ཕྱོགས་ནས་རྒྱ་ནག་གཞུང་དང་འབྲེལ་བའི་སྲིད་ཇུས་ནང་བོད་ཐོག་འཛིན་པའི་སྲིད་ཇུས་ལ་འགྱུར་བ་བཏང་སྟེ། བོད་ཀྱི་གནད་དོན་བརྒྱུད་ནས་རྒྱ་གར་ལ་ཁེ་ཕན་གྱི་སྲིས་ཇུས་བཟུང་དགོས་པའི་སྐུལ་འདེད་བྱེད་བཞིན་ཡོད་རུང་། དོན་དངོས་སུ་སྲིད་ཇུས་ལ་འགྱུར་བ་གཏོང་ཐབས་དཀའ་བ་མ་ཟད། དེ་ལྟར་བྱས་ཚེ་རྒྱ་ནག་དང་རྒྱ་གར་དབར་དམག་འཁྲུག་ཡོང་ཉེན་ཆེ་བ་ཡིན་སྐོར་བརྗོད་འདུག
Ranjit Kalha་ཡིས་དཔྱད་རྩོམ་ནང་གསལ་ལྟར་ན། ༡༩༥༤་ལོར་རྒྱ་དཀར་ནག་གཉིས་དབར་བཞག་པའི་གྲོས་མཐུན་ནང་རྒྱ་གར་ཕྱོགས་ནས་བོད་འདི་བཞིན་རྒྱ་ནག་གི་རང་སྐྱོང་ས་ཁུལ་ཞིག་ཡིན་པའི་སྲིད་ཇུས་གཏན་འབེབས་བྱས་སྟེ། སྲིད་ཇུས་དེ་༢༠༠༣་བར་མུ་མཐུད་རྒྱུན་སྐྱོང་བྱས་ཡོད་པ་མ་ཟད། ༢༠༠༣་ལོར་རྒྱ་གར་གྱི་ནང་སྲིད་བློན་ཆེན་Atal Bihari Vajpayee་ནས་རྒྱ་ནག་ཏུ་གཞུང་དོན་མཚམས་གཟིགས་སྐབས། བོད་རང་སྐྱོང་ལྗོངས་ནི་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཁོངས་ཡིན་པའི་གྲོས་མཐུན་གཏན་འབེབས་བྱས་པ་སོགས་ལུང་འདྲེན་བྱས་འདུག
དཔྱད་རྩོམ་ནང་ད་དུང་རྒྱ་ནག་གི་ཕྱོགས་ནས་༡༩༥༠་ནས་བཟུང་བོད་འདི་བཞིན་རྩ་འཛིན་གྱི་གནད་དོན་གཙོ་བོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པར་བརྟེན་གལ་ཏེ་རྒྱ་གར་ཕྱོགས་ནས་ ༡༩༥༠་ཙམ་ནས་ད་བར་མུ་མཐུད་བཟུང་ནས་ཡོང་བའི་སྲིད་ཇུས་ལ་འགྱུར་བ་བཏང་ཚེ། རྒྱ་ནག་གི་དེར་བཟོད་ཐབས་མེད་པའི་གདོང་ལེན་སྤྲོད་རྒྱུ་ཡིན་པ་མ་ཟད། རྒྱ་ནག་གི་རྩ་འཛིན་ལ་གནོད་འཚེ་ཆེ་བའི་སྲིད་ཇུས་ལག་བསྟར་རིགས་ལ་དྲག་པོའི་ཚུར་རྒོལ་བྱ་རྒྱུ་ངེས་པ་ཡིན་ལུགས་བརྗོད་འདུག།
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།