རྒྱ་ནག་གིས་ཤར་རྒྱ་མཚོའི་ཁུལ་དུ་དམག་དོན་སྦྱོང་བརྡར།

དམག་སྦྱོང་དེ་ཨ་རི་དང་ལྷོ་ཀོ་རི་ཡ་ཟུང་འབྲེལ་གྱི་དམག་སྦྱོང་ལས་གཞི་སྤེལ་རྒྱུར་དམིགས་པ་ཞིག་མིན་ལུགས་གསལ་བཤད།

2010.06.29

༄༅༎རྒྱ་ནག་གིས་ཤར་རྒྱ་མཚོའི་ཁུལ་དུ་མདེའུ་དང་མཚོན་ཆ་ངོ་མ་བེད་སྤྱོད་བྱེད་པའི་དམག་སྦྱོང་བྱ་རྒྱུའི་འཆར་གཞི་དེ་རིང་མིན་ཨ་མི་རི་ཀ་དང་ལྷོ་ཀོ་རི་ཡ་ཟུང་འབྲེལ་གྱི་དམག་སྦྱོང་ལས་གཞི་སྤེལ་རྒྱུར་དམིགས་པ་ཞིག་མིན་ལུགས་གཟའ་མིག་དམར་ཉིན་དབྱིན་ཡིག་ཐོག་གི་རྒྱ་ནག་ཉིན་རེའི་གསར་ཤོག་ཐོག་གསལ་བཤད་བྱས་འདུག།

རྒྱ་ནག་གི་དམག་སྦྱོང་དེ་གཟའ་ལྷག་པ་ནས་ཉིན་གྲངས་དྲུག་རིང་བྱེད་རྒྱུ་ཡིན་པ་དང་ཨ་མི་རི་ཀ་དང་ལྷོ་ཀོ་རི་ཡ་ཟུང་འབྲེལ་གྱི་ཐོག་ནས་སྤེལ་རྒྱུའི་དམག་སྦྱོང་དེ་ལྷོ་ཀོ་རི་ཡའི་ཁུལ་གྱི་རྒྱ་མཚོ་སེར་པོའི་ནང་སྤེལ་རྒྱུ་ཡིན་འདུག།

དེ་རིང་གཟའ་མིག་དམར་ཉིན་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཅིན་ཀའང་གིས་རྒྱ་ནག་གི་དམག་སྦྱོང་ལས་གཞི་དེ་ནི་རྣམ་ཀུན་ཅན་ཞིག་ཡིན་པ་དང་ འདི་ནི་ཀོ་རི་ཡའི་ཕྱེད་གླིང་གི་གནད་དོན་དང་འབྲེལ་བ་གང་ཡང་མེད་པ་བརྗོད་ཡོད་ལ་ དེ་བཞིན་རྒྱ་ནག་གི་དམག་དཔོན་ཞིག་གིས་ དམག་སྦྱོང་གི་དུས་ཚོད་དེ་ནི་རང་བཞིན་གྱི་ཨ་རིའི་དམག་སྦྱོང་དང་སྟབས་འཁེལ་བ་ཞིག་ཡིན་པ་འགྲེལ་བརྗོད་བྱས་འདུག།

གཟའ་འཁོར་སྔོན་མར་རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱིས་ཨ་མ་རི་ཀའི་དམག་གྲུ་ཁག་ཅིག་ཆུ་འོག་གྲུ་གཟིང་གཏོར་རྒྱུའི་ལྷོ་ཀོ་རི་ཡའི་དམག་སྦྱོང་གི་ནང་མཉམ་ཞུགས་བྱ་རྒྱུའི་འཆར་གཞིར་རྒྱ་ནག་གི་ངོས་ནས་བློ་ཚབ་ཡོད་པ་བརྗོད་ཡོད་ལ་ དེ་བཞིན་རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་ལམ་ཐད་ཀྱི་མཁས་པ་རྒྱ་ནག་མི་རིགས་སློབ་གྲྭ་ཆེན་མོའི་སློབ་དཔོན་ཤི་ཡིན་ཧོང་གིས་རྒྱ་ནག་གཞུང་གི་དམག་སྦྱོང་ལས་གཞི་གཉིས་ཀའི་སྐོར་གང་ཡང་བརྗོད་ཀྱི་མེད་ན་ཡང་ དམག་དོན་ཐབས་བྱུས་ཐད་བསམ་བློ་ཡོད་མཁན་སུས་བལྟས་ཀྱང་དེ་གཉིས་དབར་འབྲེལ་བ་ཡོད་པ་དེ་ལས་སླ་པོར་མཐོང་ཐུབ་རྒྱུ་ཡིན་པ་གསུངས་འདུག།

ཨ་མི་རི་ཀ་དང་ལྷོ་ཀོ་རི་ཡའི་ཟུང་འབྲེལ་གྱི་དམག་སྦྱོང་དེ་སྔོན་འཆར་ལྟར་ན་ཟླ་བ་འདིའི་ནང་བྱེད་རྒྱུ་ཡིན་ན་ཡང་ད་བར་དུས་ཚེས་གསལ་བསྒྲགས་བྱས་མེད་ཅིང་ཕལ་ཆེར་ཕྱི་ཟླ་བདུན་པའི་ནང་གཉེར་རྒྱུའི་ཚོད་དཔག་བྱེད་བཞིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎