པེ་ཅིང་དྲུག་བཞིའི་དུས་དྲན་གོང་དམ་བསྒྲགས།

རྒྱ་གཞུང་དང་སྲིད་དོན་གྱི་ལྟ་བ་མི་མཐུན་པའི་མི་སྣ་མང་པོ་ཞིག་གི་འགུལ་བསྐྱོད་བྱ་བར་དམ་བསྒྲགས་ཆེན་པོས་རྟོག་ཞིབ་བྱེད་བཞིན་ཡོད་འདུག

2009-06-02
Share

༄༅༎པེ་ཅིང་གནམ་བདེ་སྒོ་མོ་ཕྱེའི་སློབ་ཕྲུག་གིས་མང་གཙོའི་ལས་འགུལ་སྤེལ་བར་རྒྱ་ནག་གཞུང་གིས་དྲག་གནོན་བྱས་སྟེ་ལོ་ངོ་ཉི་ཤུ་འཁོར་ལ་ཉེ་བའི་སྐབས་དེར་རྒྱ་ནག་གཞུང་གིས་དེ་སྔའི་ལས་འགུལ་དེའི་ནང་བཞུགས་སྟེ་བཙོན་བཅུག་གི་ཉེས་ཆད་ཕོག་པའི་བཙོན་པ་ཟུར་པ་ཞིག་སླར་ཡང་འཛིན་བཟུང་བྱས་འདུག་པར་མ་ཟད་གཞུང་དང་སྲིད་དོན་གྱི་ལྟ་བ་མི་མཐུན་པའི་མི་སྣ་མང་པོ་ཞིག་བཟང་བཙོན་དུ་བཞག་པའམ་ཁོང་ཚོའི་གྲས་མང་པོ་ཞིག་གི་འགུལ་བསྐྱོད་བྱ་བར་དམ་བསྒྲགས་ཆེན་པོས་རྟོག་ཞིབ་བྱེད་བཞིན་ཡོད་པ་རྒྱ་ནག་ནང་གི་མང་གཙོའི་ལས་འགུལ་བ་གཞན་གྱིས་ཕེ་རན་སི་གསར་སྤེལ་ལས་ཁང་ལ་གནས་ཚུལ་མཁོ་སྤྲོད་བྱས་འདུག

རྒྱ་ནག་གི་མང་གཙོའི་ལས་འགུལ་བ་གྲན་ལོང་རྡེས་བརྗོད་པར་གཞིགས་ན་ཕྱི་ལོ་༡༩༨༩ལོའི་གནམ་བདེ་སྒོ་མོ་ཆེའི་མང་གཙོའི་ལས་འགུལ་ནང་བཞུགས་སྟེ་ལོ་གཉིས་ཀྱི་བཙོན་བཅུག་ཉེས་ཆད་ཕོག་པ་རྒྱ་ནག་ཤར་ཕྱོགས་ཞིང་ཆེན་ཤེ་ཇིཡང་ནས་ཡིན་པ་ལྦུ་གའོ་ཤིང་སླར་ཡང་གཟའ་སྤེན་པའི་ཉིན་འཇུ་བཟུང་བྱས་ཡོད་འདུག ལྦུས་ཉེ་ཆར་རྒྱ་ནག་གི་སྲིད་འཛིན་ཧུ་ཇིན་ཏའོ་ལ་ཕྱི་ལོ་༡༩༨༩ལོའི་ཕྱི་ཟླ་དྲུག་པའི་ཚེས་བཞི་ཉིན་དམག་མིས་དྲག་གནོན་བྱས་པའི་འོག་རྐྱེན་འདས་སུ་ཕྱིན་པའི་ནང་མི་དང་བཙོན་ཁང་ནང་ཚུད་པ་ཚོར་དཔལ་འབྱོར་གྱི་གུན་གསབ་དགོས་སྐོར་གྱི་ཡོངས་ཁྱབ་སྙན་ཞུ་ཞིག་ཕུལ་ཡོད་འདུག

གྲན་ལོང་རྡེ་ཁོ་པ་ཡང་དེ་སྔོན་ལོ་གསུམ་ཙམ་བཙོན་དུ་ཚུད་ཡོད་པ་དང་ཁོང་གིས་འདས་པའི་ལོ་ཉི་ཤུའི་རིང་ཁོང་ཚོའི་སྤྱི་དམངས་ཀྱི་ཐོབ་ཐང་ཡོངས་སུ་བཙན་འཕྲོག་བྱས་ཡོད་པ་བརྗོད་ཡོད་ཅིང་ཁོང་དང་ཁོང་གི་བློ་མཐུན་པ་གཞན་ཚོ་ད་བར་འཇུ་བཟུང་བྱས་མེད་པ་རེད། འོན་ཀྱང་ལྦུ་གའི་ཤིང་འཇུ་བཟུང་བྱས་པའི་རྒྱུ་མཚན་གཙོ་བོ་ནི་ཧུ་ཇིན་ཏའོར་སྙན་ཞུ་ཕུལ་བ་དེས་ཡིན་སྐོར་འགྲེལ་བརྗོད་བྱེད་བཞིན་ཡོད་པ་རེད།

ཡང་ལོ་ན་༧༢ལ་སོན་པ་རྡིང་ཛི་ལིན་གནམ་བདེ་སྒོ་མོ་ཆེའི་དོན་རྐྱེན་བྱུང་སྟེ་ལོ་ངོ་ཉི་ཤུ་འཁོར་ལོ་ཉེ་བའི་སྔ་ནུབ་ཏུ་པེ་ཅིང་གྲོང་ཁྱེར་ནང་སྡོད་མི་ཆོག་པའི་བཀའ་རྒྱ་ཡང་བཏང་ཡོད་འདུག རྡིང་ཛི་ལིན་གྱི་བུ་༡༩༨༩ཕྱི་ཟླ་དྲུག་པའི་ཚེས་གསུམ་གྱི་མཚན་མོ་དམག་མིས་མེ་མདའ་བརྒྱབ་པའི་དོན་རྐྱེན་འོག་འདས་གྲོངས་སུ་ཕྱིན་ཡོད་པ་རེད།

དེ་བཞིན་གི་ཛུ་ཞིང་ཆེན་ནང་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་གྲན་ཤི་རང་གི་སྡོད་ཁྱིམ་ནང་བཟང་བཙོན་འོག་བཞག་ཡོད་པ་དང་གཟའ་འཁོར་སྔོན་མར་རྒྱ་ནག་གི་འགོ་འཁྲིད་འདས་པོ་ཀྲའོ་ཙི་ཡང་གི་ལས་རོགས་བའོ་ཏོང་པེ་ཅིང་གྲོང་ཁྱེར་ནས་ཕྱིར་འབུད་བྱས་ཡོད་པ་རེད། ད་དུང་ལོ་ཉི་ཤུའི་གོང་གི་མང་གཙོའི་ལས་འགུལ་སྐབས་དམག་མིའི་མེ་མདའ་ཕོག་སྟེ་རྐང་པ་ཡ་གཅིག་ཤོར་བའི་ལས་འགུལ་བ་གཞན་ཞིག་ཀྱང་བཟང་བཙོན་འོག་བཞག་ཡོད་འདུག་ལ་དེ་མིན་མི་མང་པོ་ཞིག་གི་སྡོད་ཁང་གཡས་གཡོན་དུ་ཉེན་རྟོག་པ་འགོ་འགྲེམས་ཀྱིས་ཁོང་ཚོའི་འགུལ་བསྐྱོད་ཐོག་དོ་ནན་གྱིས་རྟོག་ཞིབ་བྱེད་བཞིན་ཡོད་འདུག།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།