བསོད་ནམས་ལྷུན་གྲུབ་ལགས་རྒྱ་ནག་གཞུང་གིས་མུ་མཐུད་དུ་བཀག་ཉར་དང་འདྲི་རྩད།

2019-05-02
གློག་འཕྲིན།
མཆན།
Share
པར་བཀོད།
ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ། ༢༠༠༩
ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ། ༢༠༠༩
པར་ཚགས།

ཉེ་ཆར་འཛིན་བཟུང་བྱས་པའི་བོད་རིགས་ཞིབ་འཇུག་སློབ་མ་བསོད་ནམས་ལགས་མུ་འཐུད་བཀག་ཉར་དང་འདྲི་རྩད་བྱེད་བཞིན་ཡོད་འདུག
རྒྱ་ནག་གཞུང་གིས་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་ཞིབ་འཇུག་སློབ་མ་བསོད་ནམས་ལྷུན་འགྲུབ་ལགས་ཉེ་ཆར་འཛིན་བཟུང་བྱས་རྗེས་མུ་མཐུད་ནས་བཀག་ཉར་འོག་གནས་བཞིན་འདུག་པར་མ་ཟད། ཁོང་གི་ལག་ཐོག་ཁ་པར་དང་། ཐོབ་ཐང་ལག་འཁྱེར་སོགས་རྒྱ་ནག་གཞུང་གིས་བཙན་འཕྲོག་བྱས་འདུག་ལ། རྒྱ་ནག་གཞུང་གིས་བཀག་ཉར་འོག་ཉིན་ལྟར་ཁོང་ལ་འདྲི་རྩད་འདྲ་མིན་བྱས་ཏེ། ད་ཆ་ཁོང་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་འདུག་ཅེས་བོད་ནང་གནས་སྡོད་འབྲེལ་ཡོད་བོད་མི་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ་བརྗོད་ཡོད་པ་རེད།
སློབ་མ་བསོད་ནམས་ལྷུན་འགྲུབ་ལགས་ཀྱིས་རྒྱ་ནག་གཞུང་གི་གཞུང་ཞབས་ཡིག་རྒྱུགས་དང་འབྲེལ་བའི་རྩོམ་ཡིག་སྤེལ་བར་བརྟེན། སྤྱི་ཟླ་༤ པའི་མགོ་སྟོད་ལ་རྒྱ་ནག་གཞུང་གི་བོད་ལྗོངས་སློབ་གསོ་ཅུས་ཟེར་བས་བཀག་ཉར་བྱས་ཡོད་ཅིང་། བོད་ནང་གནས་སྡོད་བོད་མི་ཞིག་གིས་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་ངོ་སྤྲོད་གནང་དོན་ལྟར་ན། ད་ལྟའི་ཆར་རྒྱ་ནག་གཞུང་གིས་ཁོང་ལ་མུ་མཐུད་ནས་འདྲི་རྩད་བྱེད་ཀྱི་ཡོད་པ་མ་ཟད། ཁོང་དང་འབྲེལ་ཡོད་མི་སྣ་དང་སློབ་མ་ཚོ་ལ་ཡང་ཞིབ་བཤེར་བྱེད་ཀྱི་ཡོད་པར་བརྟེན། གནས་ཚུལ་ངོ་སྤྲོད་པ་རང་ཉིད་ཀྱང་ད་ཆ་འཇིགས་སྣང་དང་དངངས་སྐྲག་འོག་གནས་ཡོད་ཅེས་འགྲེལ་བརྗོད་གནང་ཡོད་པ་རེད།
སློབ་མ་བསོད་ཉམས་ལྷུན་འགྲུབ་ལགས་ནི་བོད་ཆབ་མདོ་རི་བོ་ཆེ་ནས་ཡིན་པ་དང་། རྒྱ་ནག་གི་ལན་ཀྲོའུ་གྲོང་ཁྱེར་ནང་ཡོད་པའི་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་ནང་སེམས་ཁམས་རིག་པའི་ཐོག་སློབ་གཉེར་གནང་བཞིན་ཡོད་འདུག་ཅིང་། ཤེས་རྟོགས་བྱུང་བར་གཞིགས་ན། སློབ་མ་ཁོང་ནི་རྒྱུན་དུ་ནས་རྩོམ་རིག་དང་སྙན་ངག་ལ་དགའ་བའི་བོད་རིགས་ན་གཞོན་ཞིག་ཡིན་པ་དང་། ཁོང་གི་རྩོམ་ཡིག་གཅིག་ནི་ “བླ་གྲྭ་དགྲ་རུ་མཐོང་མཁན་ནི་བོད་མི་རིགས་ཀྱི་དགྲ་བོ་ཡིན།” ཞེས་པ་བོད་ཀྱི་བླ་མ་དང་གྲྭ་པར་ངོ་རྒོལ་བྱེད་མཁན་ཚོར་འགག་ལན་གྱི་ཚུལ་དུ་སྤེལ་བའི་རྩོམ་ཡིག་ཞིག་ཡིན་ཞིང་། དེའི་ནང་ཁོང་གིས་བོད་ཀྱི་ངོ་བོ་གཅིག་ཏུ་གནས་པར་བོད་ཀྱི་བླ་མ་དང་གྲྭ་པས་ཞབས་འདེགས་ཆེན་པོ་གྲུབ་ཡོད་པ་བརྗོད་ཡོད་པ་རེད།
རྩོམ་ཡིག་དེ་བོད་ཁུལ་གྱི་འཕྲིན་སྟེགས་ཆེ་ཤོས་ཟེར་བའི་དྲ་ཚིགས་སྟེང་འདོན་སྤེལ་བྱས་འདུག་པ་དང་། ད་བར་ཁོང་གི་རྩོམ་ཡིག་དེ་ལ་ལྟ་ཞིབ་བྱེད་མཁན་ཁྱོན་མི་གྲངས་༢༧༠༠༠ ཙམ་བྱུང་ཡོད་པ་མ་ཟད། ཁོང་གི་རྩོམ་ཡིག་དེ་ལ་མཆན་བཀོད་མཁན་དང་། བསྔགས་བརྗོད་བྱེད་མཁན་མི་ཉུང་བ་ཞིག་བྱུང་ཡོད་པའི་ནང་ནས། དམུ་རྒོད་དར་མ་ཟེར་བ་ཞིག་གིས་བླ་གྲྭ་མེད་ན་བོད་ཡིག་མེད། བོད་ཡིག་མེད་ན་བོད་རིགས་མེད་པ་མ་ཟད། ཆ་ཚང་བའི་ནང་ཆོས་ཡང་གནས་མི་ཐུབ། ཁྱེད་རྣམ་པ་ནི་བོད་ཀྱི་བླ་སྲོག་ཡིན་ཞེས་མཆན་བཀོད་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།