རྒྱ་ནག་གིས་བོད་མི་ཚོའི་ཐོག་དྲྭ་ལས་སོ་ལྟའི་ཚན་རྩལ་བེད་སྤྱོད་ཀྱིས་ལྟ་རྟོག་བྱེད་བཞིན་ཡོད་འདུག

2024.02.08
རྒྱ་ནག་གིས་བོད་མི་ཚོའི་ཐོག་དྲྭ་ལས་སོ་ལྟའི་ཚན་རྩལ་བེད་སྤྱོད་ཀྱིས་ལྟ་རྟོག་བྱེད་བཞིན་ཡོད་འདུག རྒྱ་ནག་གི་ཁ་པར་མཉེན་ཆས་ནང་ཐོབ་ཐང་ལག་འཁྱེར་འཇུག་དགོས་པའི་པར་རིས།
freetibet.org

དེ་ཡང་གཙུག་གཡུ་ཞེས་པའི་གཞུང་འབྲེལ་མ་ཡིན་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་ཟླ་འདིའི་ཕྱི་ཚེས་༧ཉིན་ཤོག་གྲངས་༣༤ཡོད་པའི་སྙན་ཐོ་ཞིག་འདོན་སྤེལ་བྱས་ཡོད་པའི་ནང་། རྒྱ་ནག་གིས་བོད་ནང་དྲྭ་ལས་སོ་ལྟའི་ཚན་རྩལ་དེ་ཚད་མཐོ་རུ་བཏང་ནས་རིག་ནུས་ཁ་པར་ཐོག་རྒྱལ་ཁབ་ཀྱིས་མགོ་སྐོར་གཏོང་བར་རྒོལ་བ་ཞེས་པའི་མཉེན་ཆས་དེ་བཅུག་ནས། དེའི་ཐོག་མའི་དམིགས་ཡུལ་ནི་མགོ་སྐོར་བསླུ་བྲིད་གཏོང་བར་སྔོན་འགོག་ཆེད་དུ་ཡིན་ནའང་རིམ་པས་མཉེན་ཆས་དེ་ནི་དྲ་ཐོག་ནས་གང་ཟག་གི་འགྲོ་འདུག་སྤྱོད་གསུམ་ལ་ལྟ་རྟོག་བྱེད་པའི་ལག་ཆ་གཙོ་བོར་གྱུར་ཡོད་པ་དེང་སྐབས་མཚོ་སྔོན་ཞིང་ཆེན་གྱི་ཁོངས་གཏོགས་མདོ་སྨད་མགོ་ལོག་གི་བོད་མི་ཞིག་གིས་གནས་ཚུལ་འགྲེལ་བརྗོད་གནང་བ་གཙོ་བོར་བཟུང་ནས་གཙུག་གཡུ་དང་དབྱིན་ཡུལ་ལོན་ཌོན་ནང་ཡོད་པའི་བོད་གནས་ལྟ་ཞིབ་ཚོགས་པ་གཉིས་ཟུང་འབྲེལ་གྱིས་སྙན་ཐོ་དེ་བཏོན་འདུག
སྙན་ཐོ་དེའི་ནང་དོན་ཐད་བོད་གནས་ལྟ་ཞིབ་ཁང་གི་འགན་འཛིན་དབང་ལྡན་སྐྱབས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། དེང་སྐབས་བོད་ནང་ལ་ཛ་དྲག་གི་གནས་སྟངས་མང་པོ་ཡོད་པའི་ཁྲོད། ད་རེས་ཀྱི་སྙན་ཐོ་དེ་ནི་རྒྱ་ནག་གཞུང་གི་དྲྭ་རྒྱ་དང་མཉེན་ཆས་བེད་སྤྱད་ནས་བོད་ནང་གི་བོད་མི་ཚོར་དམ་དྲག་དང་སྟངས་འཛིན་བྱེད་བཞིན་པའི་གནད་དོན་ཐད་ཡིན། དེ་ཡང་དེང་སྐབས་བོད་ནང་གི་བོད་མི་ཚོའི་ལག་འཁྱེར་ཁ་པར་ནང་རྒྱ་ནག་གི་མཉེན་ཆས་བླུགས་བཅུག་ནས་བོད་མི་ཚོའི་ཉིན་རེའི་འཚོ་བ་དང་འགྲོ་སྡོད་སྤྱོད་གསུམ་ལྟ་རྟོགས་སྟངས་འཛིན་བྱེད་པ་དང་། ཐ་ན་ཁྱིམ་ཚང་གི་ནང་མི་ཚོའི་ཁ་བརྡ་ལ་ཡང་ལྐོག་ཉན་བྱེད་བཞིན་པ་སོགས་ཀྱི་གནས་སྟངས་ཁ་གསལ་བཏོན་ཡོད་པ་འགྲེལ་བརྗོད་གནང་བྱུང་།
གོང་བརྗོད་སྙན་ཐོ་དེའི་ནང་གཙོ་བོ་དྲྭ་ལམ་བརྒྱུད་གཞི་གྲངས་འཚོལ་བསྡུ་བྱས་ཏེ་བོད་མིའི་ཐོག་ལྟ་རྟོག་ཇི་ལྟར་བྱེད་བཞིན་པ་དང་ལྟ་རྟོག་བྱེད་པའི་ཐབས་ལམ་བཅས་བཀོད་ཡོད་པ་རེད། དེ་བཞིན་ཡང་སྙན་ཐོའི་ནང་མུ་མཐུད་དུ་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་བོད་ཀྱི་ནག་ཚོགས་སྤྱི་ཚོགས་ཀྱི་ནག་ཉེས་གནས་སྟངས་ཐད་དབྱེ་ཞིབ་ཟེར་བའི་དྲྭ་ལམ་གླེང་སྟེགས་བརྒྱུད་ནས་ཉེན་རྟོག་པས་དྲ་ལས་སོ་ལྟའི་ཚན་རྩལ་བེད་སྤྱད་ཏེ་རྟོག་ཞིབ་བྱེད་བཞིན་པའི་སྐོར་ལུང་འདྲེན་བྱས་བ་དང་། དེ་བཞིན་མདོར་ན་བོད་དང་ཤར་ཏུར་ཀི་སི་ཐན་ནང་དྲྭ་ཐོག་ནས་གཞི་གྲངས་ཚན་རྩལ་བེད་སྤྱོད་ཀྱིས་གནས་ཚུལ་བསྡུ་རུབ་དང་། (DNA)་ཁྲག་རིགས་རྒྱུད་རྫས་བཅས་བསྡུ་རུབ་ཀྱིས་བོད་ནི་དུས་རབས་ཉེར་གཅིག་པའི་ནང་གཞི་གྲངས་ཚན་རྩལ་ལམ་ནས་ལྟ་རྟོག་དང་དབང་བསྒྱུར་བྱེད་སའི་ཡ་ང་བའི་མངའ་ཁུལ་དུ་གྱུར་ཡོད་པ་གོང་ཞུས་སྙན་ཐོའི་ནང་གནས་ཚུལ་སུན་འབྱིན་བྱས་ཡོད་པ་རེད།
དེ་བཞིན་སྙན་ཐོའི་མཇུག་ཏུ་རྒྱལ་སྤྱིའི་གཞུང་དང་ཚོགས་སྡེ་ཁག་ནས་ཕྱི་རྒྱལ་གྱི་འབྲེལ་ཡོད་ཚན་རྩལ་ཚོང་ལས་ཁང་དག་གིས་རྒྱ་ནག་ལ་ལྟ་རྟོག་ཡོ་ཆས་ཚོང་གཉེར་བྱེད་པར་ཐབས་ཇུས་འཐེན་ནས་བཀག་འགོག་བྱེད་དགོས་པའི་འབོད་སྐུལ་ཡང་ཞུས་འདུག


གསར་འགོད་པ། ལྕགས་མོ་འཚོ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གིས་བསྐོ་བཞག་བྱས་པའི་པཎ་ཆེན་བལ་ཡུལ་ནང་ཡོང་རྒྱུ་བལ་ཡུལ་གྱིས་ངོས་ལེན་བྱས་མེད་པ་བལ་ཡུལ་གྱི་གསར་ལམ་ཁག་ཅིག་གིས་གནས་ཚུལ་སྤེལ་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དགེ་བཤེས་རྭ་ཆུང་དགེ་འདུན་ལགས་བཙོན་འཇུག་གི་དུས་ཡུན་ཚང་སྟེ་གློད་གྲོལ་ཐོབ་ཡོད་ནའང་། ཁོང་བཙོན་གྲོལ་མ་ཐོབ་སྔོན་ཨ་མ་འདས་གྲོངས་སུ་གྱུར་ཏེ་མ་བུ་ཐུག་འཕྲད་ཐུབ་མེད་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎