རྒྱ་གཞུང་གིས་སྲོག་ཁྲིམས་ཀྱི་དོན་ཚན་ཁག་ཅིག་ལ་བསྒྱུར་བཅོས།

རྒྱ་ནག་གཞུང་གིས་སྲོག་ཐོག་གི་ཉེས་ཆད་དོན་ཚན་ཁག་བཅུ་གསུམ་མེད་པ་བཟོ་འཆར་ཡོད་

2011-02-25
Share

༄༅༎རྒྱ་ནག་གཞུང་གིས་སྲོག་ཐོག་གི་ཉེས་ཆད་དོན་ཚན་ཁག་བཅུ་གསུམ་མེད་པ་བཟོ་འཆར་ཡོད་འདུག དེ་ཡང་དྲག་སྤྱོད་ཀྱི་ཉེས་ཅན་པ་མིན་པའི་དཔལ་འབྱོར་སོགས་དང་འབྲེལ་བའི་ཉེས་ཅན་པ་ཚོར་སྲོག་ཐོག་གི་ཉེས་པ་གཅོད་རྒྱུའི་ཁྲིམས་གཞིར་འགྱུར་བ་གཏོང་རྒྱུ་གཟའ་པ་སངས་ཉིན་ཚོགས་པའི་རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་གྱི་ཐོག་གྲོས་འཆམ་བྱུང་ཡོད་པའི་སྐོར་རྒྱ་ནག་གཞུང་འབྲེལ་ཤིན་ཧའ་གསར་འགྱུར་བརྒྱུད་ལམ་གྱིས་གནས་ཚུལ་སྤེལ་འདུག

སྲོག་ཐོག་ཉེས་ཆད་ཀྱི་ཁྲིམས་གཞིར་བསྒྱུར་བཅོས་བྱ་རྒྱུའི་ནང་རང་ལོ་བདུན་ཅུ་དོན་ལྔ་ཡན་སོན་པའི་གྱོད་ཡར་ཁྲིམས་ཞིབ་བྱེད་སྐབས་གལ་སྲིད་མི་བསད་པའི་ནག་ཉེས་བསག་མེད་ཚེ་སྲོག་ཐོག་གི་ཉེས་ཆད་གཅོད་མི་ཆོག་པ་དང་། སྲོག་ཐོག་གི་ཉེས་ཆད་ཁག་བཅུ་གསུམ་མེད་པ་བཟོ་རྒྱུའི་ནང་གནའ་རྫས་ལྐོག་ཚོང་རྒྱབ་མཁན་དང་ དེ་བཞིན་རྒྱལ་ཁབ་རིམ་པའི་སྲུང་སྐྱོབ་བདག་གཅེས་བྱ་རྒྱུའི་སེམས་ཅན་གྱི་རིགས་དང་ལྤགས་རིགས་སོགས་ཚོང་གཉེར་བྱ་མཁན་རྐུན་པོ་སོགས་ཀྱི་ནག་ཉེས་བསག་མཁན་ཚོར་སྲོག་ཐོག་གི་ཉེས་ཆད་གཅོད་རྒྱུའི་ཁྲིམས་སྲོལ་ལ་བསྒྱུར་བཅོས་གཏོང་རྒྱུ་ཡིན་འདུག རྒྱ་ནག་མི་ལོ་ལྟར་སྲོག་ཐོག་གི་ཉེས་ཆད་གཅོད་མཁན་མི་མང་ཤོས་ཀྱི་རྒྱལ་ཁབ་དེ་ཡིན་པ་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་རྒྱ་ནག་ནང་ནག་ཉེས་འདྲ་མིན་གྱི་ཐོག་ནས་སྲོག་ཐོག་ཉེས་ཆད་གཏོང་གི་ཡོད་པར་སྐྱོན་བརྗོད་ཤུགས་ཆེ་བྱེད་མུས་ཡིན་ཞིང་ ཡིན་ནའི་ད་རེས་རྒྱ་ནག་གཞུང་གིས་གོང་ཞུས་སྲོག་ཐོག་གི་ཉེས་ཆད་དོན་ཚན་ཁག་བཅུ་གསུམ་ཙམ་ལ་བསྒྱུར་བཅོས་བྱས་ཡོད་ན་ཡང་ད་དུང་ཡང་རྒྱ་ནག་གི་ཁྲིམས་ལུགས་ནང་ ལྐོག་ཟ་རུལ་སུངས་བྱེད་མཁན་སོགས་ཚུད་པའི་སྲོག་ཐོག་གི་ཉེས་ཆད་གཅོད་རྒྱུའི་ཁྲིམས་སྲོལ་ཁག་༥༥ཙམ་ཡོད་མུས་ཡིན་པ་རེད་

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།