རྒྱ་ནག་གིས་རྒྱལ་ཁབ་བརྒྱད་ཅུ་ལྷག་གི་མཚོ་ཁུལ་ནས་ཁྲིམས་འགལ་གྱིས་ཉ་འཛིན་བྱེད་བཞིན་པ་ཐེར་འདོན།
དེ་ཡང་གསར་འགྱུར་ཞིབ་འཇུག་སྙན་ཐོ་གསར་བ་ཞིག་བཏོན་ཡོད་པ་དེའི་ནང་། སྤྱི་ལོ་༢༠༡༩ལོ་ནས་༢༠༢༡ལོའི་བར། རྒྱ་ནག་གཞུང་གིས་རྒྱལ་ཁབ་༨༠ལྷག་གི་ཁོངས་གཏོགས་དཔལ་འབྱོར་མཚོ་ཁུལ་དུ་ཆུ་ཚོད་བྱེ་བ་གཅིག་ལྷག་བརྒལ་བའི་དུས་ཡུན་རིང་ཁྲིམས་འགལ་གྱིས་ཉ་འཛིན་ལས་དོན་སྤེལ་ཡོད་པ་དང་། རྒྱ་ནག་གི་གྲུ་གཟིངས་ཀྱིས་རྒྱལ་ཁབ་གཞན་པའི་ཁོངས་གཏོགས་དཔལ་འབྱོར་མཚོ་ཁུལ་དུ་(AIS)་ཞེས་པའི་རག་བརྡ་མ་ལག་གཡོལ་ཐུབ་པའི་འཕྲུལ་ཆས་རིགས་བེད་སྤྱོད་བཏང་ཡོད་ཚུལ་སྙན་ཐོའི་ནང་བཀོད་འདུག
རྒྱ་ནག་དང་རྒྱང་ཐག་རིང་བའི་རྒྱ་མཚོའི་ནང་ཉ་འཛིན་མཁན་རྒྱ་ནག་གི་གྲུ་གཟིངས་མང་པོ་ག་ས་གང་དུ་ཐོན་ཡོད་པ་དང་། རྒྱ་ནག་གི་གྲུ་གཟིངས་དེ་དག་གིས་དུས་རྟག་ཏུ་རྒྱ་ནག་རང་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་མཚོའི་སྤྱི་ཆིངས་དང་འགལ་བའི་ལས་དོན་བྱས་ཡོད་པ་དང་། དེ་མིན་རྒྱ་ནག་གི་གྲུ་གཟིངས་དེ་དག་གིས་སྟོང་ལ་ཉེ་བའི་མཚོ་ནང་གི་སྐྱེ་དངོས་རིགས་ལ་གནོན་སྐྱོན་བཟོ་བཞིན་པ་མ་ཟད། ཆོག་མཆན་ཡི་གེ་དང་ཡིག་ཆ་རྫུན་བཟོ། སོ་ལྟ། མངའ་ཁོངས་བཙན་འཕྲོག རྒྱ་མཚོ་རུ་གད་སྙིགས་འབོར་ཆེན་གཡུག་པ་སོགས་བྱེད་པའི་ཁར། རྒྱལ་ཁབ་གཞན་དག་གི་ཁོངས་གཏོགས་དཔལ་འབྱོར་མཚོ་ཁུལ་ལ་བཙན་འཛུལ་བྱས་འདུག་ཅེས་སྙན་ཐོ་དེས་ཐེར་འདོན་བྱས་འདུག
རྒྱ་ནག་ནི་འཛམ་གླིང་འདིའི་སྟེང་གི་ཉ་ལས་དང་ཉ་རིགས་ཐོན་སྐྱེད་བྱེད་མཁན་རྒྱལ་ཁབ་ཆེ་ཤོས་དེ་ཡིན་པ་དང། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བསྡོམས་རྩིས་ལྟར་ན། རྒྱ་ནག་གིས་ལོ་རེ་རེར་གོ་ལ་ཧྲིལ་བོའི་ཉ་རིགས་ཀྱི་སྤྱིའི་ཐོན་ཚད་ལས་བརྒྱ་ཆ་སུམ་ཅུ་སོ་དྲུག་ཡས་མས་ཤིག་ཟད་གྲོན་དུ་གཏོང་བཞིན་ཡོད་པ་དང་། ལོ་རེ་རེར་རྒྱ་མཚོ་ལས་ཉ་རིགས་ཊོན་བྱེ་བ་གཅིག་དང་ས་ཡ་ལྔ་ལྷག་འཛིན་ལེན་བྱེད་ཡོད་པ་དེས་འཛམ་གླིང་ཁྱོན་ཡོངས་ཀྱི་བརྒྱ་ཆ་ཉི་ཤུ་ཟིན་ཡོད་པ་རེད། ༢༠༢༠ལོ་ནས་བཟུང་རྒྱ་ནག་ནི་རྒྱ་མཚོ་ལས་ཉ་རིགས་འཛིན་ལེན་བྱེད་མཁན་རྒྱལ་ཁབ་བཅུའི་ནང་ཚུད་ཡོད་ཚུལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞིང་ལས་སྒྲིག་འཛུགས་ཀྱིས་ངོས་འཛིན་བྱས་ཡོད་པ་རེད།
ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་ཉ་རིགས་རྫོགས་པའི་རྗེས་སུ། རྒྱ་ནག་གི་ཉ་འཛིན་གྲུ་གཟིངས་འབོར་ཆེན་ཉེན་ཁར་མི་འཛེམ་པར་རྒྱང་རིང་གི་རྒྱ་མཚོར་སོང་ནས་ཉ་འཛིན་བཞིན་པ་དང་། རྒྱ་ནག་གཞུང་གིས་རྒྱང་རིང་གི་རྒྱ་མཚོའི་ནང་ཉ་འཛིན་མཁན་གྲུ་གཟིངས་༢༥༠༠ལས་མེད་ལུགས་བཤད་ཡང་། ཞིབ་འཇུག་ལས་ཤེས་པ་ལྟར་ན། གྲུ་གཟིངས་༡༨༠༠༠ལྷག་བརྒལ་ཡོད་པ་རེད།
རྒྱ་ནག་ནི་ཁྲིམས་འགལ་གྱིས་ཉ་འཛིན་དང་ཆོག་མཆན་མེད་པ། དོ་དམ་མེད་པར་ཉ་འཛིན་བྱེད་པའི་རྣམ་གྲངས་ཁྲོད་ཨང་དང་པོ་ཆགས་ཡོད་པ་རེད།
རྒྱ་ནག་གི་རྒྱ་མཚོའི་ནང་ཚད་ལས་བརྒལ་བའི་ཉ་རིགས་འཛིན་ལེན་གྱི་བྱ་སྤྱོད་དེས་རྒྱ་མཚོའི་རྒྱལ་ཁབ་མང་པོ་ཞིག་གིས་དོ་སྣང་དང་སེམས་ཁྲལ་བྱེད་བཞིན་པ་རེད།
བརྟག་དཔྱད་རང་བཞིན་ཅན་གྱི་གསར་འགྱུར་སྙན་ཐོ་ཞེས་པ་དེས་འགན་ཁུར་ནི་གཞུང་དང་ཁེ་ལས། ཡང་ན་གཞན་དག་གིས་ཐོབ་ཐང་ལོག་སྤྱོད་དང་སྤྱིའི་ཡིད་རྟོན་དང་རྒྱབ་འགལ་གྱི་བྱ་སྤྱོད་རིགས་ཐེར་འདོན་བྱེད་རྒྱུ་དེ་ཡིན་པ་རེད།
གསར་འགོད་པ། སྟག་ལྷ་རྒྱལ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།