རྒྱ་ནག་གིས་ཇར་མན་གྱི་འཕྲུལ་རིག་ལག་རྩལ་ཐད་ཀྱི་ཆོག་མཆན་དཔང་ཡིག་ཐོབ་ཐབས་བྱེད་བཞིན་ཡོད་འདུག
དེ་ཡང་རོ་ཡེ་ཊར་གསར་སྤེལ་ཁང་གིས་བྷར་ལིན་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཇར་མན་ཚོང་ལས་གསར་ཤོག་གིས་འདི་ཚེས་༩རེས་གཟའ་ལྷག་པའི་ཉིན་ཉམས་ཞིབ་སྙན་ཐོ་ཞིག་བཏོན་པའི་ནང་། དེང་སྐབས་མ་དངུལ་འཇོག་མཁན་ཐོག་ཞིབ་བཤེར་དོ་དམ་ཇེ་དམ་དུ་ཕྱིན་པར་བརྟེན་ཚོང་ལས་ཁང་ཁག་གི་ཉོ་ཚོང་ཁུ་བསྡུའི་གནས་སྟངས་ཁག་པོར་འགྲོ་བཞིན་པའི་རྐྱེན་གྱིས། རྒྱ་ནག་གི་ཚོང་ལས་ཁང་ཁག་གིས་ཇར་མན་གྱི་འཕྲུལ་རིག་ལག་རྩལ་ཐད་ཀྱི་ཆོག་མཆན་དཔང་ཡིག་ལེན་ཐུབ་པའི་གོ་སྐབས་འཚོལ་བཞིན་པ་བརྗོད་འདུག
ཇར་མན་གྱི་(IW)་ཞེས་པའི་དཔལ་འབྱོར་ཉམས་ཞིབ་ཁང་གིས་ཇར་མན་དབུས་དངུལ་ཁང་གི་གཞི་གྲངས་ལ་ཉམས་ཞིབ་བྱས་པ་བརྒྱུད་ཤེས་རྟོགས་བྱུང་བའི་ནང་། ཕྱི་ལོ་༢༠༢༢ལོར་ཇར་མན་ནང་རྒྱ་ནག་ཕྱོགས་ནས་ཆོག་མཆན་དཔང་ཡིག་ཐོབ་པ་ལས་བྱུང་བའི་ཡོང་སྒོ་དེ་ཕྱི་ལོ་༢༠༡༤ལོ་དང་བསྡུར་ན་ལྡབ་གསུམ་འཕར་ཡོད་པ་དང་། དེ་བཞིན་ཕྱི་ལོ་༢༠༢༠་དང་བསྡུར་ན་ཕྱེད་ཀ་མང་དུ་ཕྱིན་ཡོད་འདུག
(IW)་དཔལ་འབྱོར་ཉམས་ཞིབ་ཁང་གི་འཛམ་གླིང་དང་མངའ་ཁུལ་ཚོང་རའི་སྡེ་ཚན་གྱི་འགན་ཁུར་བ་(Juergen Matthes)་ནས་བརྗོད་ན། དེ་སྔའི་གནས་ཚུལ་ནང་རྒྱ་ནག་གི་ཚོང་ལས་ཁང་ཁག་གིས་ཇར་མན་གྱི་འཕྲུལ་རིག་ལག་རྩལ་ཐོབ་ཆེད་ཐབས་ལམ་གསར་བ་ཞིག་འཚོལ་བཞིན་པ་དེ་གསལ་པོ་རེད་ལ། ལག་རྩལ་ཆོག་མཆན་དཔང་ཡིག་ལེན་པ་དེ་ནི་རྒྱ་ནག་གིས་ལྟག་སྒོ་བརྒྱུད་པ་ལྟ་བུའི་ལམ་ཁ་ཞིག་འཚོལ་ཐབས་བྱེད་བཞིན་པ་རེད་ཟེར།
ཇར་མན་གྱི་དཔལ་འབྱོར་དེ་ར་ཤེ་ཡ་དང་འབྲེལ་ལམ་ཇེ་སྡུག་ཕྱིན་པ་དང་བསྟུན། ཇར་མན་ཕྱོགས་ནས་རྒྱ་ནག་ལ་འཛིན་པའི་སྲིད་བྱུས་ཐད་ཁྱོན་ཡོངས་ནས་བཅོས་བསྒྱུར་དང་། བསྟུན་དྲགས་པའི་ཐབས་ཇུས་ལས་གཡོལ་ཐབས་བྱེད་བཞིན་པ་དང་དུས་མཚུངས། རྒྱ་ནག་ནི་ཇར་མན་གྱི་ཚོང་ར་གལ་ཆེན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་འདུག ཡིན་ནའང་འདས་པའི་ཟླ་ཤས་ནས་རྒྱ་ནག་གི་ཚོང་ལས་ཁང་ཁག་གིས་ཇར་མན་ནང་ཐད་ཀར་མ་རྩ་འཛུགས་པ་དང་། བསྡུ་ཉོའི་གྲོས་མོལ་ཐད་ཇར་མན་གཞུང་གིས་དོ་སྣང་ཆེན་པོ་བྱེད་བཞིན་པ་རེད། ན་ནིང་ལོར་རྒྱ་ནག་གི་ཚོང་ལས་ཁང་ཞིག་གིས་ཇར་མན་གྱི་གྲུ་ཁ་ཞིག་ལ་མ་དངུལ་བཏང་ནས་འགྲན་རྩོད་ནང་ཞུགས་པ་ལས་ཆབ་སྲིད་ཀྱི་རྙོག་ཟིང་བྱུང་བ་དང་། རྗེས་སུ་སྔོན་མའི་ལས་འཆར་ལས་དམའ་བའི་ཐོག་མ་རྐང་དངུལ་འཛིན་དབང་ཆའི་ཆོག་མཆན་ཐོབ་ཡོད་འདུག
དེ་མིན་ཆོག་མཆན་དཔང་ཡིག་གྲོས་ཆོད་བརྒྱུད་ནས་རྒྱ་ནག་གི་ཚོང་ལས་ཁང་ཁག་གིས་ཇར་མན་གྱི་འཕྲུལ་རིག་ལག་རྩལ་དེ་དག་བེད་སྤྱོད་བྱེད་པར་ཁྲིམས་མཐུན་དབང་ཆ་ཡོད་པ་རེད།
དེ་བས་གསར་འགྱུར་ནང་སྤྱིར་བཏང་ཆོག་མཆན་གྲོས་མོལ་དེ་དག་མང་ཆེ་བར་གནད་དོན་མེད་ཀྱང་། སྐབས་རེར་ལག་རྩལ་དེ་དག་ནང་གི་རྣོ་ཚོར་གྱི་རིགས་རྒྱ་ནག་གི་ཚོང་ལས་ཁང་ལ་རག་གི་ཡོད་པ་དང་། དཔེར་ན། དབྱིན་སྐད་དུ་(Semi conductor)་ཞེས་པའི་ཕྱེད་འདྲེན་གློག་རྫས་ལས་རིགས་ལྟ་བུའི་ལག་རྩལ་རག་པ་ཡིན་ན་དམག་དོན་ཐད་བེད་སྤྱོད་བཏང་ཆོག་པ་བརྗོད་འདུག
གསར་འགོད་པ། ལྕགས་མོ་འཚོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།