ཡུ་གུར་བ་༥༥ཙམ་ལ་རྒྱ་ནག་གིས་ཁྲིམས་ཐག་བཅད་འདུག

2014-05-29
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱ་ནག་གིས་ཡུ་གུར་བ་ཁག་གཅིག་འཇུ་བཟུང་གིས་ཁྲིམས་ཐག་གཅོད་བཞིན་པ། ༢༠༡༤
རྒྱ་ནག་གིས་ཡུ་གུར་བ་ཁག་གཅིག་འཇུ་བཟུང་གིས་ཁྲིམས་ཐག་གཅོད་བཞིན་པ། ༢༠༡༤
པར། དྲ་བཤུས།

རྒྱ་ནག་གཞུང་གིས་ཡུ་གུར་བ་མི་གྲངས་༢༠༠ལྷག་འཛིན་བཟུང་དང་མི་གྲངས་༥༥ཙམ་ལ་ཁྲིམས་ཐག་བཅད་ཡོད་འདུག
དེ་ཡང་སྤྱི་ཟླ་ལྔ་པའི་ཚེས་༢༩ཉིན་Yili ས་གནས་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་བའི་ནང་། རྒྱ་ནག་གི་དྲག་ཆས་ཉེན་རྟོག་པས་འཇིགས་སྐུལ་དྲག་སྤྱོད་པར་ཉེས་བཙུགས་བྱས་པའི་ཡུ་གུར་མི་རིགས་མི་གྲངས་༥༥རྩེད་ཐང་ཆེན་པོ་ཞིག་ནང་ཁྲིད་ནས་མང་ཚོགས་བདུན་སྟོང་ཙམ་གྱི་མདུན་མི་དེ་དག་ལ་ཡོངས་གྲགས་ཁྲིམས་གཅོད་བྱས་ཡོད་པ་དང་། དེ་ནི་གཞུང་ཕྱོགས་ནས་ཤིན་ཅང་ནང་ཡོད་པའི་འཇིགས་སྐུལ་དྲག་སྤྱོད་པ་དང་། ཆོས་ལུགས་ཐལ་བསྐྱོད་ཅན། ཁ་བྲལ་རིང་ལུགས་པའི་སྟོབས་ཤུགས་ལ་ཡོངས་གྲགས་ཀྱིས་ཁ་གཏད་རྣམ་པ་ཞིག་ཡིན་ལུགས་བརྗོད་ཡོད་པ་རེད། ཁྲིམས་གཅོད་བཏང་བའི་མི་དེ་དག་ནང་ནས་མི་གཅིག་ལ་སྲོག་ཐོག་གི་ཉེས་ཆད་བཅད་ཡོད་ཅིང་། གོང་ཞུས་ཡུ་གུར་མི་རིགས་༥༥དེ་དག་ལ་ཁྲིམས་ཁང་གིས་ཡོངས་གྲགས་ནག་ཉེས་བཙུགས་པའི་ནང་། མི་བསད་པ་དང་། རྒྱལ་ཁབ་ཁ་བྲལ་གཏོང་རྩིས་བྱས་བ། དེ་བཞིན་འཇིགས་སྐུལ་དྲག་སྤྱོད་ཀྱི་ལས་འགུལ་འགོ་ཁྲིད་མཁན་དང་། ལས་འགུལ་ནང་མཉམ་བཞུགས་བྱེད་མཁན། དེ་མིན་ཉེས་ཅན་པ་ལྐོག་ཉར་བྱེད་མཁན་སོགས་ནག་ཉེས་འདྲ་མིན་ཐོག་ནས་ཁྲིམས་བཅད་བཏང་ཡོད་པ་མ་ཟད། ད་དུང་ཡང་བྲོས་བྱོལ་དུ་ཡོད་པའི་ཉེས་ཅན་པ་ཚོས་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་རྒྱུ་མཚམས་འཇོག་བྱས་ནས་རང་ཉེས་ངོས་ལེན་བྱ་དགོས་ལུགས་སོགས་ཀྱི་ཉེན་བརྡ་ཡང་བཏང་ཡོད་འདུག གནས་ཚུལ་ཁག་ནང་འཁོད་པར་གཞིགས་ན། དེ་ནི་ཤིན་ཅང་ངམ་ཤར་ཏུར་ཀི་སི་ཐན་ནང་འཇིགས་སྐུལ་དྲག་སྤྱོད་ཀྱི་དོན་རྐྱེན་བྱུང་བའི་རྗེས་གཞུང་ཕྱོགས་ནས་རྣམ་པ་བཏོན་ཡས་མཁྲེགས་ཤོས་ཤིག་ཡིན་པ་དང་། མི་གྲངས་ཉིས་བརྒྱ་ལྷག་ཙམ་འཇུ་བཟུང་བྱས་ཡོད་པ་མ་ཟད། མ་འོངས་ལོ་གཅིག་རིང་། ཤིན་ཅང་ངམ་ཤར་ཏུར་ཀི་སི་ཐན་ནང་འཇིགས་སྐུལ་དྲག་སྤྱོད་ལ་རྡུང་རྡེག་གི་ལས་འགུལ་སྤེལ་རྒྱུ་ཡིན་ལུགས་བརྗོད་ཀྱི་ཡོད་པ་རེད།

གསར་འགོད་པ་འཆི་མེད།

མཆན། (0)
Share
དྲ་གནས་ཆ་ཚང༌།