རྒྱ་ནག་གི་འཐབ་ཇུས་ལ་རྟོག་ཞིབ་ཆེད་འབྲུག་ཡུལ་ནང་རྒྱ་གར་གྱིས་མིས་བཟོས་སྲུང་སྐར་གྱི་རྟེན་གཞི་འཛུཊ་རྒྱུ།

2019-01-02
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱ་གར་གྱི་སྲིད་བློན་ན་རེན་དྷརཱ་མོ་དྷི་(modi)མཆོག་རྒྱ་ནག་དུ། ༢༠༡༨།༦།༡༠
རྒྱ་གར་གྱི་སྲིད་བློན་ན་རེན་དྷརཱ་མོ་དྷི་(modi)མཆོག་རྒྱ་ནག་དུ། ༢༠༡༨།༦།༡༠
AP

བོད་ནང་རྒྱ་ནག་གཞུང་གིས་མགུལ་སྐྱོད་རྟོག་ཞིབ་དང་གནས་ཚུལ་བསྡུ་ལེན་གྱི་མི་བཟོས་སྲུང་སྐར་གྱི་རྟེན་གཞི་བཙུགས་ཡོད་པར་གདོང་ལེན་ཆེད་རྒྱ་གར་གཞུང་འབྲེལ་མཁའ་དབྱིངས་ཞིབ་འཇུག་ལྟེ་གནས་ཁང་གིས་ཀྱང་འབྲུག་ཡུལ་ནང་དེ་མཚུངས་ཀྱི་མི་བཟོས་སྲུང་སྐར་གྱི་ཐོག་ནས་གནས་ཚུལ་བསྡུ་རུབ་བྱ་ཡུལ་གྱི་རྟེན་གཞི་ཞིག་འཛུགས་རྒྱུའི་འཆར་གཞི་ཡོད་འདུག
འབྲུག་ཡུལ་ནི་བོད་དང་རྒྱ་གར་དབར་ཆགས་ཡོད་པར་བརྟེན་ས་བབས་ཀྱི་ཐོག་ནས་ཆེས་གནད་འགག་ཆེ་བ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་ལ།  དེར་བརྟེན་འབྲུག་ཡུལ་ནང་འཛུགས་རྒྱུའི་རྟེན་གཞི་གསར་པ་དེས་རྒྱ་གར་གྱི་འཐབ་ཇུས་དམིགས་རྟེན་གྱི་ནུས་པ་ད་ལྟ་ལས་འདབ་བསྒྱུར་གྱི་ཆེ་རུ་འགྲོ་རྒྱུར་གནད་དོན་འདིའི་ཐད་བརྒྱུད་མངའ་ཡོད་མཁན་ཁག་གཅིག་གིས་རྒྱ་གར་གྱི་ཉིན་རེའི་གསར་ཤོག་ (The Economic Times) ཟེར་བ་བརྗོད་འདུག   གསར་ཤོག་དེས་ཕྱི་ཟླ་ ༡ ཚེས་ ༢ སྤེལ་བའི་གནས་ཚུལ་ནང་།  རྒྱ་ནག་གཞུང་གིས་བོད་ཀྱི་མངའ་རིས་ས་ཁུལ་ནང་གནས་ཚུལ་རྟོགས་ཞིབ་བྱེད་མཁན་གྱི་སྔོན་ཐོན་ཅན་གྱི་མི་བཟོས་སྲུང་སྐར་གྱི་འཕྲུལ་རིགས་དང་གཟའ་སྐར་བརྟག་དཔྱད་བྱེད་མཁན་གྱི་འཕྲུལ་རིགས་རྟེན་གཞི་ཞིག་བཙུགས་ཡོད་པ་བརྗོད་འདུག་ཅིང་། རྒྱ་ནག་གིས་བཙུགས་པའི་འཕྲུལ་རིགས་དེ་དག་གིས་རྒྱ་གར་གྱི་མཁའ་དབྱིངས་སུ་མི་བཟོས་སྲུང་སྐར་གྱི་མགུལ་བསྐྱོད་རྟོགས་ཐུབ་པའི་ནུས་པ་ཡོད་པར་མ་ཟད།  རྒྱ་གར་གྱི་མི་བཟོས་སྲུང་སྐར་ནུས་མེད་བཟོ་བའི་ནུས་པ་ཡོད་པའི་ཧ་ཅང་གི་སྔོན་ཐོན་གྱི་འཕྲུལ་རིགས་ཡིན་པར་རྒྱ་གར་གྱི་མཁའ་དབྱིངས་ཞིབ་འཇུག་ལྟེ་གནས་ཁང་གིས་ཡིད་ཆེས་བྱེད་བཞིན་ཡོད་འདུག
སྔ་ལོ་བོད་དང་འབྲུག་ཡུལ། འབྲས་ལྗོངས་བཅས་ཀྱི་ས་མཚམས་འཁེལ་ཡུལ་འབྲོག་ལམ་ས་ཁུལ་དུ་རྒྱ་ནག་གིས་མོ་ཊའི་འགྲོ་ལམ་བཟོས་པའི་རྐྱེན་གྱིས་ཉིན་གྲངས་ ༧༢ རིང་ཛ་དྲག་རང་བཞིན་ཅན་གྱི་གནས་ཚུལ་བྱུང་བའི་རྗེས།  ད་ཆ་རྒྱ་གར་གྱི་ངོས་ནས་འབྲུག་ཡུལ་གྱི་ནང་མི་བཟོས་སྲུང་སྐར་གྱི་གནས་ཚུལ་མཁོ་སྒྲུབ་ཀྱི་རྟེན་གཞི་འཛུགས་བསྐྲུན་བྱ་རྒྱུ་དེས་རྒྱ་ནག་གི་མགུལ་བསྐྱོད་དེ་རིགས་རྟོགས་ཐུབ་རྒྱུར་ཕན་ཐོགས་ཆེན་པོ་ཡོང་རྒྱུར་ཡིན་པར་ཡིད་ཆེས་བྱེད་བཞིན་ཡོད་འདུག་ལ།  གཟའ་པ་སངས་ཉིན་རྒྱ་གར་གྱི་སྲིད་བློན་ན་རེན་དྷརཱ་མོ་དྷི་མཆོག་གིས་འབྲུག་ཡུལ་ནང་གི་རྒྱ་གར་མཁའ་དབྱིངས་ཞིབ་འཇུག་ལྟེ་གནས་ཁང་གི་རྟེན་གཞི་དེ་མགྱོགས་མྱུར་འཛུགས་བསྐྲུན་ཟིན་རྒྱུ་ཡིན་པ་ཡང་གསུངས་འདུག

གསར་འགོད་པ་ཉི་མ་གཡུ་སྒྲོན།

མཆན། (0)
Share
དྲ་གནས་ཆ་ཚང༌།