རྒྱ་ནག་གཞུང་གིས་དྲ་རྒྱ་མང་པོ་སྒོ་རྒྱབ་པ་དང་དཔེ་དེབ་མང་པོ་ཁུ་བསྡུ་བྱས་འདུག

2018-01-09
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱ་ནག་ནང་གི་དྲ་རྒྱ་ཁང་དང་ཉེན་རྟོག་པ།
རྒྱ་ནག་ནང་གི་དྲ་རྒྱ་ཁང་དང་ཉེན་རྟོག་པ།
དྲ་བཤུས།

རྒྱ་ནག་གཞུང་ནས་ཕྱི་ལོ་༢༠༡༧་ལོར་སྤྱི་ཚོགས་དྲྭ་ལམ་ཐོག་དམ་བསྒྲགས་བྱེད་པའི་འོག་དྲྭ་རྒྱ་ཆིག་འབུམ་ལྷག་ཙམ་སྒོ་རྒྱབ་བཅུག་ཡོད་འདུག
དེ་ཡང་རྒྱ་ནག་ཤིན་ཧྭ་གསར་འགྱུར་ལས་ཁང་ནས་གཞུང་འབྲེལ་སྙན་ཐོ་ལུང་འདྲེན་བྱས་ནས་གནས་ཚུལ་བཀོད་པར་ལྟར་ན། འདས་པའི་ཕྱི་ལོ་ ༢༠༡༧ ་ལོར་རྒྱ་ནག་ནང་སྤྱི་ཚོགས་ལ་གནོད་ཚབས་བཟོ་གཞིའི་མིང་གི་འོག་དྲྭ་གནས་བརྒྱུད་ལམ་ ༡༢༨༠༠༠ ་ཙམ་སྒོ་རྒྱབ་བཅུག་ཡོད་ལུགས་དང་། དེ་བཞིན་ཁྲིམས་འགལ་གྱི་ཐོག་ནས་དེབ་རིགས་པར་བསྐྲུན་བྱས་པའི་རིགས་ས་ཡ་སུམ་ཅུ་ལྷག་ཙམ་གཞུང་བཞེས་ཁུ་བསྡུ་བཏང་བའི་ཁོངས་ནས་མི་གྲངས་ཆིག་སྟོང་དགུ་བརྒྱ་ཙམ་ལ་ནག་ཉེས་ཀྱི་ཁྲིམས་ཆད་ཀྱང་ཕོག་སྲིད་པའི་སྐོར་བཀོད་འདུག
དམིགས་བསལ་འདས་པའི་ལོ་དེའི་ནང་། རྒྱ་ནག་གུང་ཁྲན་ཚོགས་པའི་ཚོགས་ཆེན་མ་ཚོགས་པའི་གོང་ཙམ་ལ། སྤྱི་ཚོགས་དྲྭ་ལམ་བདག་གཉེར་ཁང་སྐད་གྲགས་ཆེ་ཤོས་གྲས། (Weibo)་ དང་(Baidu Tencent)་ ཟེར་བ་སོགས་ཀྱི་ཐོག་ལའང་ཁྲིམས་འགལ་གྱི་གནས་ཚུལ་མཁོ་སྤྲོད་བྱས་པའི་ཉེས་འཛུགས་འོག་ཉེས་ཆད་ཕོག་ཡོད་འདུག
དེ་དང་ཕྱོགས་མཚུངས་རྒྱ་ནག་གཞུང་ནས་ཕྱི་རྒྱལ་གསར་འགོད་པ་ཚོར་བོད་དང་ཐེ་ཝན་། ཕྱི་ལོ་ ཆ༡༩༨༩ ལོའི་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་དོན་རྐྱེན་སོགས་ཀྱི་གནད་དོན་ཐོག་དེབ་དང་གནས་ཚུལ་བཀོད་མི་ཆོག་པའི་བཀོད་སྡོམ་ཡང་བྱས་ཡོད་པ་རེད།
དཔེར་ན་སྔ་ལོའི་ཕྱི་ཟླ་བདུན་པའི་ནང་། རྒྱ་རིགས་ནོ་བྷེལ་ཞི་བདེའི་གཟེངས་རྟག་བཞེས་མྱོང་མཁན་རྒྱའི་བཙོན་ཁང་ནས་ནད་མནར་འོག་གློད་བཀྲོལ་ཐོབ་པའི་རྗེས་དགོངས་པ་རྫོགས་པའི་སྐུ་ཞབས་ལི་ཤའོ་བྷོ་མཆོག་གཤེགས་པའི་སྔ་རྗེས་སུ་སྐད་འཕྲིན་(WeChat ་དང་། (Weibo)་ཞེས་རྒྱ་ནག་གི་ཁེ་གཉེར་ལས་ཁང་ནས་བདག་འཛིན་བྱས་པའི་སྤྱི་ཚོགས་ཀྱི་སྐད་འཕྲིན་བརྒྱུད་ལམ་དེ་དག་གི་ཐོག་ནས་ཀྱང་སྟངས་འཛིན་བྱས་ཡོད་པ་ཤེས་རྟོགས་བྱུང་ཡོད་པའི་སྐོར་ཁེ་ན་ཌའི་(Toronto Citizen Lab)་ ཞེས་པས་ཚན་པས་ཐེར་བཏོན་བྱས་ཡོད་ཅིང་།  ཁེ་ན་ཌའི་དྲ་རྒྱའི་གནད་དོན་ཞིབ་འཇུག་ལྟེ་གནས་ཁང་དེས་བརྗོད་པར་ལྟར་ན།  རྒྱ་ནག་གཞུང་ནས་དེང་དུས་འཕྲུལ་རིགས་སྤྱི་ཚོགས་དྲ་ལམ་གྱི་སྐད་འཕྲིན་དང་དེ་བཞིན་དྲ་རྒྱ་ཁག་གི་ནང་སྟངས་འཛིན་བྱེད་རྒྱུ་དེ་བཞིན་སྤྱི་ཚོགས་ཀྱི་བདེ་འཇགས་དང་གོམས་སྲོལ་ངན་པ་དར་ཁྱབ་མི་འགྲོ་བའི་ཆེད་དུ་ཡིན་ལུགས་འགྲེལ་བཤད་རྒྱབ་ཀྱི་ཡོད་ཀྱང་། ཕྱོགས་གཞན་ཞིག་ནས་བོད་དང་ཐའེ་ཝན། རྒྱ་རིགས་མང་གཙོ་དོན་གཉེར་བ་སོགས་ཀྱི་གནད་དོན་ཐོག་གླེང་སློང་དང་གནས་ཚུལ་བཀོད་རྒྱུར་སྟངས་འཛིན་དང་དམ་བསྒྲགས་ཤུགས་ཆེ་བྱེད་ཀྱི་ཡོད་པའི་ཚོད་དཔག་བྱས་ཡོད་པ་རེད།

གསར་འགོད་པ་རིག་འཛིན་ཆོས་སྒྲོན།

མཆན། (0)
Share
དྲ་གནས་ཆ་ཚང༌།