རྒྱ་ནག་གིས་དམངས་གཙོ་དོན་གཉེར་བ་གྲགས་ཅན་ཞིག་ལ་ལོ་བཅུ་གསུམ་གྱི་ཁྲིམས་ཆད།


2018.07.11
རྒྱ་ནག་གཞུང་གིས་ཡུལ་དེའི་དམངས་གཙོ་དོན་གཉེར་བ་གྲགས་ཅན་ཆིན་ཡོང་མེས་(Qin Yongmin)ལ་ཁྲིམས་ཐག་བཅད་སྐབས། ༢༠༡༨།༧།༡༡ རྒྱ་ནག་གཞུང་གིས་ཡུལ་དེའི་དམངས་གཙོ་དོན་གཉེར་བ་གྲགས་ཅན་ཆིན་ཡོང་མེས་(Qin Yongmin)ལ་ཁྲིམས་ཐག་བཅད་སྐབས། ༢༠༡༨།༧།༡༡
Public Domain

རྒྱ་ནག་གཞུང་གིས་གཞུང་དང་ལྟ་བ་ཐ་དད་འཛིན་མཁན་མི་སྣ་སྐད་གྲགས་ཅན་ཆིན་ཡོང་མེས་ལ་རྒྱལ་ཁབ་མགོ་རྟིང་སློག་རྩིས་ཀྱི་ནག་ཉེས་བཙུགས་ཏེ་ལོ་བཅུ་གསུམ་གྱི་ཁྲིམས་ཆད་བཅད་ཡོད་འདུག
དེ་ཡང་ཧྥུ་རན་སི་སོགས་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཅིག་ཏུ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གཞུང་དང་ལྟ་བ་ཐ་དད་འཛིན་མཁན་གྱི་མི་སྣ་སྐད་གྲགས་ཅན་དང་རྒྱ་ནག་གི་འགྲོ་བ་མིའི་རྟོག་ཞིབ་ཞེས་པའི་རྒྱ་ནག་གི་དམངས་ཁྲོད་ཀྱི་ཚོགས་པ་གསར་འཛུགས་གནང་མཁན་ཆིན་ཡོང་མེས་(Qin Yongmin)འཛིན་བཟུང་བྱས་ནས་ལོ་གསུམ་གྱི་རྗེས་སུ། ཟླ་བ་འདིའི་སྤྱི་ཚེས་༡༡ཉིན་རྒྱ་ནག་ཧུའུ་པེ་ཝུའུ་ཧན་གྲོང་ཁྱེར་འབྲིང་རིམ་ཁྲིམས་ཁང་གིས་རྒྱལ་ཁབ་མགོ་རྟིང་སློག་རྩིས་ཀྱི་ནག་ཉེས་བཙུགས་ཏེ་ལོ་བཅུ་གསུམ་གྱི་ཁྲིམས་ཆད་དང་། ཆབ་སྲིད་ཀྱི་ཁེ་དབང་ལོ་གསུམ་རིང་འཕྲོག་ཡོད་པ་རེད། ཡིན་ནའང་ད་ལྟའི་བར་ཆིན་ཡོང་མེས་ཀྱི་ཁྲིམས་རྩོད་པའི་གནས་ཚུལ་འདིའི་ཐད་ལན་འདེབས་གང་ཡང་བྱས་མེད་པ་དང་། ཁྲིམས་ཁང་གི་གཞུང་འབྲེལ་དྲ་བའི་ཐོག་ཏུའང་གྱོད་དོན་འདིའི་གནས་ཚུལ་ཞིབ་ཕྲ་དང་ཁྲིམས་ཆད་གཅོད་དགོས་པའི་རྒྱུ་རྐྱེན་སྐོར་གསལ་བཤད་གང་ཡང་བྱས་མེད་པ་རེད།
ད་ལྟ་དགུང་ལོ་༦༤ཡིན་པའི་ཆིན་ཡོང་མེས་ནི་རྒྱུན་རིང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་བརྩོན་ལེན་གྱི་ལས་དོན་སྤེལ་ཏེ་ཐེངས་མང་པོར་འཛིན་བཟུང་བྱས་མྱོང་བ་དང་། འདས་པའི་མི་ལོ་སུམ་བཅུའི་རིང་ཆིན་ཡོང་མེས་སྔ་རྗེས་སུ་རྒྱ་ནག་གི་བཙོན་དུ་ལོ་༢༢རིང་བསྡད་མྱོང་ཡོད་ལ། ཁོང་གིས་དེ་སྔོན་རྩོམ་ཡིག་སྤེལ་ནས་ནོ་བེལ་ཞི་བདེའི་རྟགས་མ་ཐོབ་མཁན་འདས་པོ་ལིག་ཞོ་པོ་དང་། དེ་བཞིན་དམངས་གཙོ་དོན་གཉེར་བ་ལིས་ཝང་ཡང་དང་ཁྲིན་ཀོན་ཁྲིན་སོགས་ལ་རྒྱབ་སྐྱོར་གནང་མྱོང་ཡོད་འདུག
ཆིན་ཡོང་མེས་སྤྱི་ལོ་༢༠༡༥ལོའི་སྤྱི་ཟླ་དང་པོར་རྒྱ་ནག་ཝུའུ་ཧན་ནས་ཕྱི་ལོག་གི་གསར་འགྱུར་བརྒྱུད་ལམ་གྱི་བཅར་འདྲི་དང་ལེན་དང་རྩོམ་ཡིག་སྤེལ་བ་མང་དྲགས་པར་རྐྱེན་བྱས་ནས་བཀག་ཉར་དང་། དེ་ནས་ལོ་དེར་རྒྱལ་ཁབ་མགོ་རྟིང་སློག་རྩིས་ཀྱི་ཉེས་འཛུགས་ཀྱིས་འཛིན་བཟུང་བཀག་ཉར་དང་། སྤྱི་ལོ་༢༠༡༦ལོར་དངོས་སུ་ཁྲིམས་སྦྱོར་ཞུ་གཏུག་བྱས་ནས་ཉེ་ལམ་ལོ་བཅུ་གསུམ་གྱི་ཁྲིམས་ཆད་བཅད་ཡོད་པ་གནས་ཚུལ་ནང་བཀོད་འདུག

གསར་འགོད་པ་ལྕགས་མོ་འཚོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་དང་འབྲུག་གི་རྒྱལ་བོ་དང་། བཙུན་མོ་རྣམ་གཉིས་མཇལ་འཕྲད་གནང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ཆུ་ཤུགས་གློག་འདོན་ས་ཚིགས་གསར་རྒྱག་ཆེད་ཨ་ཚོགས་བདེ་ཆེན་ཆོས་འཁོར་གླིང་དང་སྡེ་བ་གཉིས་བཙན་གྱིས་གཏོར་བཞིན་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎