རྒྱ་གཞུང་གིས་བོད་མི་ཞིག་ལ་ལོ་གསུམ་གྱི་ཁྲིམས་ཐག་བཅད་པ།

བོད་མི་དགོན་པོ་ཚེ་རིང་ལགས་སྔ་ལོའི་ཞི་རྒོལ་སྐོར་གྱི་གནས་ཚུལ་ཕྱི་རྒྱལ་མི་སྣར་མཁོ་སྤྲོད་བྱས་པའི་ནག་ཉེས་འོག་ལོ་གསུམ་རིང་བཙོན་བཅུག

2009.06.23

༄༅༎ཡུ་ནན་ཞིང་ཆེན་ཁོངས་ཀྱི་བདེ་ཆེན་བོད་རིགས་ས་ཁུལ་གྱི་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བས་བོད་མི་དགོན་པོ་ཚེ་རིང་ལགས་ཀྱིས་སྔ་ལོའི་ཞི་རྒོལ་སྐོར་གྱི་གནས་ཚུལ་ཕྱི་རྒྱལ་མི་སྣར་མཁོ་སྤྲོད་བྱས་ཏེ་ཁ་བྲལ་ངན་སྐུལ་བྱས་པའི་ནག་ཉེས་འོག་ལོ་གསུམ་རིང་བཙོན་འཇུག་ཉེས་ཆད་བཏང་འདུག

དེ་ཡང་ཕྱི་ཚེས་ཉི་ཤུ་གཉིས་རེས་གཟའ་ཟླ་བའི་ཉིན་ཨ་མི་རི་ཀའི་ནུབ་ཕྱོགས་གྲོང་ཁྱེར་སེན་ཕེ་རན་སི་སི་ཀོའི་ནང་རྟེན་གཞི་བྱས་པའི་ཏུའེ་ཧྭ་ཐེབས་རྩ་ཁང་ལ་དགོན་པོ་ཚེ་རིང་ལགས་ལ་ཁྲིམས་གཏུགས་དང་བསྐྱར་དུ་ཞུ་གཏུགས་བྱས་པའི་ཁྲིམས་ཡིག་གཉིས་ཕྱག་སོན་བྱུང་བ་ཁག་དབྱིན་ཡིག་ཐོག་ཕབ་བསྒྱུར་གྱིས་ཐེབས་རྩ་དེའི་དྲ་གནས་བརྒྱུད་འདོན་སྤེལ་གནང་དོན་ལྟར་ན་ཡུ་ནན་ཞིང་ཆེན་ཁོངས་ཀྱི་བོད་རིགས་ས་ཁུལ་འབྲིང་རིམ་མི་མང་ཁྲིམས་ཁང་གིས་དགོན་པོ་ཚེ་རིང་གིས་གནས་འཕྲིན་དྲ་རྒྱ་དང་ཁ་པར་བེད་སྤྱོད་བྱས་ཏེ་ཆེད་མངགས་ཆལ་གཏམ་རྫུམ་སྒྲིག་དང་དངོས་ཡོད་གནས་སྟངས་ལ་འཁྱོག་བཤད།ཁ་བྲལ་ངན་སྐུལ་བྱས་ཚུལ་བཀོད་ཡོད་པ་མ་ཟད་ཁོང་གིས་ཕྱི་རྒྱལ་དུ་ཡོད་པའི་མི་སྣ་དྲུག་ལ་བོད་ནང་གི་ཞི་རྒོལ་སྐོར་གནས་ཚུལ་མཁོ་སྤྲོད་བྱས་ཚུལ་ཡང་བཀོད་འདུག་ལ་ཡང་རང་ལོ་སུམ་ཅུ་སོ་གཉིས་ལ་སོན་པའི་དགོན་པོ་ཚེ་རིང་གི་གནད་དོན་དེ་ནི་སྔ་ལོ་བོད་ཀྱི་རྒྱལ་ས་ལྷ་སའི་ནང་བྱུང་བའི་གསུམ་པའི་བཅུ་བཞི་ཡི་དོན་རྐྱེན་དང་འབྲེལ་བ་ཡོད་ཚུལ་བརྗོད་འདུག དགོན་པོ་ཚེ་རིང་ལགས་ཀྱི་གནད་དོན་སྐོར་ཁྲིམས་ཁང་ལ་ཡང་བསྐྱར་ཞུ་འབོད་ཀྱི་ཡིག་ཆ་དེར་འདི་ལོའི་ཕྱི་ཟླ་དང་པོའི་ཚེས་ལྔ་འཁོད་རུང་ད་བར་གོང་ཞུས་གནས་ཚུལ་ཤེས་རྟོགས་མ་བྱུང་བའི་རྒྱུ་རྐྱེན་ནི་རྒྱ་ནག་ནང་ཁྲིམས་གཏུགས་བྱས་པའི་གནས་ཚུལ་ཁག་མང་ཚོགས་ཁྲོད་གསང་བ་ཆེན་པོ་བྱེད་སྲོལ་ཡོད་པའི་དབང་གིས་ཡིན་པ་རེད། ཏུའེ་ཧྭ་ཐེབས་རྩ་ཁང་གིས་དགོན་པོ་ཚེ་རིང་ལགས་སུ་ལོ་གསུམ་རིང་བཙོན་འཇུག་ཉེས་ཆད་བཏང་བའི་གནས་ཚུལ་དེ་ནི་ཡུ་ནན་ཞིང་ཆེན་ནང་བོད་མི་ཞིག་ལ་རྒྱལ་ཁབ་ཁ་བྲལ་གྱི་ནག་ཉེས་བཙུགས་པ་ཐོག་མ་དེ་ཆགས་ཡོད་པའི་སྐོར་དང་ཁྲིམས་གཏུགས་སྐབས་སུ་ཁོང་ལ་ཁྲིམས་རྩོད་པའི་ཆ་རྐྱེན་ཐོབ་མེད་པ་མ་ཟད་ཁྲིམས་ཁང་དེས་དགོན་པོ་ཚེ་རིང་ལགས་ཀྱིས་ཕྱི་རྒྱལ་མི་སྣ་དྲུག་ལ་གནས་ཚུལ་མཁོ་སྤྲོད་བྱས་ཚུལ་བཤད་ཀྱང་གནས་ཚུལ་ག་རེ་མཁོ་སྤྲོད་བྱས་ཡོད་མེད་གསལ་ཁ་བཏོན་མེད་སྐོར་བརྗོད་འདུག གོང་ཞུས་ཐེབས་རྩ་ཁང་དེས་རྒྱ་ཡུ་ནན་ཞིང་ཆེན་དང་ས་འབྲེལ་ཡོད་པའི་ཟི་ཁྲོན་ཞིང་ཆེན་ནང་སྔ་ལོའི་ཞི་རྒོལ་ཆེན་མོ་དང་འབྲེལ་ཡོད་ཐད་བོད་མི་མང་པོར་བཙོན་འཇུག་ཁྲིམས་ཐག་གཅོད་ཀྱི་ཡོད་པའི་གནས་ཚུལ་ཡང་སྤེལ་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎