རྒྱ་ནག་དང་བལ་ཡུལ་བར་ཁྲིམས་འགལ་ཐོག་ས་མཚམས་བརྒལ་མཁན་རྩིས་སྤྲོད་བྱེད་རེས་ཀྱི་གྲོས་མཐུན་བཞག་འདུག

2020-01-24
གློག་འཕྲིན།
མཆན།
Share
པར་བཀོད།
གྲོས་མཐུན་དོན་ཚན་༢༦་པའི་ངོ་བཤུས
གྲོས་མཐུན་དོན་ཚན་༢༦་པའི་ངོ་བཤུས
པར་བཤུས། RFA

རྒྱ་ནག་དང་བལ་ཡུལ་བར་ལ་ཁྲིམས་འགལ་ཐོག་ས་མཚམས་བརྒལ་མཁན་རིགས་རྩིས་སྤྲོད་བྱེད་རེས་བྱེད་རྒྱུའི་གྲོས་མཐུན་བཞག་ཡོད་འདུག
ཉེ་ལམ་རྒྱ་ནག་གཞུང་དང་བལ་ཡུལ་གཞུང་གཉིས་ཀྱི་བར་ལ་གྲོས་མཐུན་ས་རྟགས་བཀོད་པའི་མ་ཡིག་ཤོག་ངོས་༩༠་ཡོད་པ་ཞིག་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དུ་འབྱོར་བའི་ནང་། བལ་ཡུལ་དང་བོད་ཀྱི་ས་མཚམས་བར་ལ་ཁྲིམས་འགལ་ཐོག་ནས་འཛུལ་ཞུགས་བྱེད་མཁན་བྱུང་རིགས་ཕྱིར་སློག་བྱེད་རྒྱུའི་གྲོས་མཐུན་བྱུང་འདུག
རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་༢༠༡༩་ལོའི་ཕྱི་ཟླ་ ༡༠ ་ཚེས་ ༡༣ ་ཉིན། བལ་ཡུལ་ནང་ཉིན་གྲངས་གཉིས་ཀྱི་རྒྱལ་དོན་འཚམས་གཟིགས་སུ་འབྱོར་སྐབས། བལ་ཡུལ་དང་རྒྱ་ནག་དབར་ས་མཚམས་ཀྱི་གྲོས་མཐུན་ཞེས་པར་ནང་ཁུལ་མོས་མཐུན་མིང་རྟགས་བཀོད་ཡོད་པ་བལ་ཡུལ་གྱི་བརྒྱུད་ལམ་ཁག་གིས་གནས་ཚུལ་ཕྱིར་གྱར་བྱས་ཡོད།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་དེ་རྩད་གཅོད་བྱས་བ་བརྒྱུད་བལ་དབྱིན་ཡིག་རིགས་གཉིས་ཐོག་ཤོག་ངོས་དགུ་བཅུ་ཙམ་ཡོད་པའི་ས་མཚམས་གྱི་གྲོས་མཐུན་ཡིག་ཆ་དེ་ལག་སོན་བྱུང་བ་དང་། དེའི་ནང་ས་མཚམས་དང་འབྲེལ་བའི་གནད་དོན་འདྲ་མིན་ཐོག་གྲོས་མཐུན་དོན་ཚན་༤༢་ཙམ་ཡོད་པ་ནས། དོན་ཚན་༢༦་པའི་ནང་གསེས་དང་པོའི་ནང་། མི་སུ་ཞིག་ཁྲིམས་འགལ་གྱི་ཐོག་ནས་རྒྱལ་ཁབ་སོ་སོའི་ས་མཚམས་བརྒལ་ནས་བྲོས་བྱོལ་དུ་ཡོང་མཁན་ཤེས་རྟོགས་བྱུང་ཚེ། ཕྱོགས་སོ་སོའི་ས་མཚམས་ཀྱི་སྲིད་གཞུང་གི་་ལས་བྱེད་པའམ་དབང་ཚད་ངེས་ལྡན་གྱི་དཔོན་ཪིགས་ཚོས་ཞིབ་དཔྱོད་ཐོག ཁྲིམས་འགལ་གྱི་ཐོག་ནས་འཛུལ་ཞུགས་བྱེད་མཁན་གྱི་གང་ཟག་དེ་འཛིན་བཟུང་གིས་ཕྱོགས་གཞན་པ་དེར་དུས་ཐོག་གནས་ཚུལ་མཁོ་སྤྲོད་དགོས་པ་གསལ་འདུག་ལ། དེ་བཞིན་དོན་ཚན་དེའི་ནང་གསེས་གཉིས་པའི་ནང་། ཁྲིམས་འགལ་གྱི་ཐོག་ནས་ཕྱོགས་གང་ཞིག་གི་ས་ཐོག་འཛུལ་ཐབས་བྱེད་མཁན་དག་ལ་ཞིབ་དཔྱོད་མཐིལ་ཕྱིན་པ་བྱས་རྗེས། ཉིན་གྲངས་བདུན་གྱི་ནང་ཚུད་གང་ཟག་དེ་ཡོང་སའི་རྒྱལ་ཁབ་དེར་ཕྱིར་སློག་རྩིས་སྤྲོད་དགོས་པ་གསལ་ཡོད་པ་རེད།
གནད་དོན་དབྱེ་ཞིབ་པ་ཚོས། གྲོས་འཆམ་བྱུང་བའི་གྲོས་མཐུན་དེས་ས་མཚམས་བརྒལ་ནས་བལ་ཡུལ་ནང་བྲོས་བྱོལ་ལ་བསྐྱོད་མཁན་གྱི་བོད་མི་ཚོར་དཀའ་ངལ་འཕར་མ་ཞིག་ཆགས་ཀྱི་ཡོད་པ་ངོས་འཛིན་གནང་གི་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།