ཁྲིན་ཏུའུ་ཨ་རིའི་གཞུང་ཚབ་ཡན་ལག་ལས་ཁུངས་སྒོ་རྒྱབ་པ་ནི་བོད་དོན་ཐོག་ནས་གྱོང་གུད་ཡིན་ཟེར།

2020-07-27
གློག་འཕྲིན།
མཆན།
Share
པར་བཀོད།
ཁྲིན་ཏུའུ་ཨ་རིའི་གཞུང་ཚབ་ཡན་ལག་ལས་ཁུངས་མདུན། ༢༠༢༠།༧།༢༦
ཁྲིན་ཏུའུ་ཨ་རིའི་གཞུང་ཚབ་ཡན་ལག་ལས་ཁུངས་མདུན། ༢༠༢༠།༧།༢༦
AFP

རྒྱ་ནག་གཞུང་གིས་ཁྲིན་ཏུའུ་རུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཡན་ལག་ལས་ཁུངས་སྒོ་རྒྱབ་པ་ནི་བོད་དོན་ཐོག་ནས་གྱོང་གུད་ཆེན་པོ་ཞིག་ཡིན་པ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་གསུང་འདུག
རྒྱ་ནག་དང་ཨ་མི་རི་ཀའི་བར་གྱི་འབྲེལ་བའི་གནས་སྟངས་དེ་ཇེ་སྡུག་ཏུ་འགྲོ་བའི་དུས་སྐབས་འདིར། འདི་ཚེས་༢༥་ཉིན་ཨ་མི་རི་ཀས་ཨ་རིའི་ཊེཁུ་སེ་སུ་(Texas)་མངའ་སྡེའི་ཧོའི་སུ་ཊོན་(Houston)་གྲོང་ཁྱེར་ནང་ཡོད་པའི་རྒྱ་ནག་གཞུང་གི་གཞུང་ཚབ་ཡན་ལག་ལས་ཁུངས་དེ་སྒོ་བརྒྱབ་ཡོད་པར་བརྟེན། དེར་འཁོན་ལན་སློག་ཆེད་རྒྱ་ནག་གཞུང་གིས། རྒྱ་ནག་ཁྲིན་ཏུའུ་རུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཡན་ལག་ལས་ཁུངས་སྒོ་རྒྱག་དགོས་པའི་བཀོད་རྒྱ་བཏང་ནས་སྒོ་རྒྱབ་ཡོད།
དེའི་ཐད་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། གཞི་རྩའི་ཆ་ནས་ཨ་རི་དང་རྒྱ་ནག་གཉིས་ཕན་ཚུན་མཐུན་སྒྲིལ་བྱས་པ་ཡིན་ན། འཛམ་གླིང་སྤྱིའི་ཞི་བདེ་དང་བདེ་འཇགས་ལ་ཕན་ཐོགས་ཡོད། འོན་ཀྱང་། ད་རེས་རྒྱ་ནག་གཞུང་གིས་ཁྲིན་ཏུའུ་རུ་བཅའ་སྡོད་ཨ་རིའི་དོན་གཅོད་ཁང་སྒོ་བརྒྱབ་པ་དེས། ཨ་རིའི་ངོས་ནས་བོད་ནང་གི་དངོས་ཡོད་གནས་ཚུལ་རྒྱུས་ལོན་ཡོང་བར་དཀའ་ངལ་འཕྲད་སྲིད་པ་དང་། དེ་ནི་བོད་དོན་ཐོག་ནས་གྱོང་གུད་ཆེན་པོ་ཞིག་ཕོག་ཡོད་པ་མ་ཟད། འབྱུང་འགྱུར་ཨ་རིའི་ངོས་ནས་བོད་ནང་དངོས་ཡོད་གནས་ཚུལ་རྒྱུས་ལོན་ཡོང་བར་ཏན་ཏན་འགོག་རྐྱེན་འཕྲད་སྲིད་པ་རེད་ཅེས་འགྲེལ་བརྗོད་གནང་སོང་།
ཡང་བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ལྷག་སྒྲོན་ལགས་ཀྱིས། སྤྱིར་རྒྱ་ནག་རྒྱལ་ཡོངས་ནང་ཨ་མ་རི་ཀའི་དོན་གཅོད་ཁག་མི་འདྲ་བར་ལྔ་ཡོད་པ་ལས། ད་རེས་རྒྱ་ནག་གཞུང་གིས་ཨ་རིར་རྒོལ་ལན་ཆེད་དམིགས་སུ་བཀར་ནས་ཁྲིན་ཏུའུ་ཡན་ལག་ལས་ཁུངས་སྒོ་རྒྱབ་པ་ནི། རྒྱུན་དུ་རྒྱ་ནག་གཞུང་གིས་བོད་དང་ཤིན་ཅང་གཉིས་ཐོག་འཛིན་པའི་སྲིད་བྱུས་ལ་ཨ་རི་གཞུང་གི་ངོས་ནས་སྐྱོན་བརྗོད་ཡང་ཡང་བྱེད་ཀྱི་ཡོད་པ་དང་། ཨ་རིའི་དོན་གཅོད་ཁང་དེ་ནས་བརྒྱུད་བོད་དང་ཤིན་ཅང་གི་གནས་ཚུལ་ལ་ཨ་རི་ངོས་ནས་རྒྱུས་ལོན་བྱེད་ས་བརྒྱུད་ལམ་ལྟ་བུ་ཞིག་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད་པ་སོགས་ཀྱི་རྐྱེན་གྱི་ད་རེས་ཨ་རིར་རྒོལ་ལེན་ཆེད་དུ་དོན་གཅོད་ཁང་དེ་ཉིད་སྒོ་བརྒྱབ་ཡོད་པ་བསམ་ཚུལ་བརྗོད་ཀྱི་འདུག
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས་གསུངས་ན། ད་རེས་རྒྱ་ནག་གཞུང་གིས་ཁྲིན་ཏུའུ་ཨ་རིའི་གཞུང་ཚབ་ཡན་ལག་ལས་ཁུངས་སྒོ་རྒྱབ་པ་ལ་བརྟེན་འབྱུང་འགྱུར་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་ཉེན་ཡོད་པ་སེམས་ཚབ་གནང་གི་འདུག
རྒྱ་ནག་ཁྲིན་ཏུའུ་རུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཡན་ལག་ལས་ཁུངས་དེ། སྤྱི་ལོ་༡༩༨༥ ་ལོར་གསར་འཛུགས་བྱས་པ་དང་། ད་ཐེངས་རྒྱ་ནག་གཞུང་གིས་དེ་སྒོ་རྒྱབ་པ་དེ་ལོ་རྒྱུས་ཐོག་ནས་ཐེངས་དང་པོ་ཆགས་འདུག་པ་མ་ཟད། ད་རེས་ཨ་རྒྱ་གཉིས་ཕན་ཚུན་དོན་གཅོད་ཁང་སྒོ་རྒྱག་རེས་བྱས་པ་དེས་རྒྱལ་ཁབ་གཉིས་ཀྱི་དབར་འབྲེལ་བའི་གནས་བབས་དེ་ཡང་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་གསལ་པོ་མཚོན་ཐུབ།

མཆན། (0)
Share
དྲ་གནས་ཆ་ཚང༌།