རྒྱ་ནག་གིས་བལ་ཡུལ་ལ་རྒྱ་གར་སྒོར་མོ་ས་ཡ་བརྒྱའི་རོགས་རམ།

རྒྱ་ནག་གཞུང་གིས་བལ་ཡུལ་ལ་དམག་དོན་རོགས་བསྐྱོར་ཆེད་རྒྱ་གར་སྒོར་མོ་ས་ཡ་བརྒྱ་ཐམ་པའི་རོགས་རམ་བྱ་རྒྱུའི་ཁས་ལེན་བྱས་ཡོད་འདུག

2009-11-28
Share

༄༅༎རྒྱ་ནག་གཞུང་གིས་བལ་ཡུལ་ལ་དམག་དོན་རོགས་བསྐྱོར་ཆེད་རྒྱ་གར་སྒོར་མོ་ས་ཡ་བརྒྱ་ཐམ་པའི་རོགས་རམ་བྱ་རྒྱུའི་ཁས་ལེན་བྱས་ཡོད་འདུག་ཅིང་གནས་ཚུལ་འདི་ནི་རྒྱ་གར་ལ་སེམས་འཚབ་ཡོང་གཞི་ཞིག་ཆགས་རྒྱུ་ཡིན་པ་གནད་དོན་དབྱེ་ཞིབ་པ་ཚོས་བརྗོད་བཞིན་ཡོད་པ་རེད།རྒྱ་ནག་གཞུང་གིས་བལ་ཡུལ་གྱི་དམག་དོན་ཆེད་སྤྲོད་རྒྱུའི་དངུལ་འབོར་དེ་ནི་གཙོ་བོ་སྲོག་སྐྱོན་གཏོང་གཞིའི་ཆེད་མིན་པའི་སྲུང་སྐྱོབ་ཀྱི་དངོས་པོ་མཁོ་སྒྲུབ་བྱ་རྒྱུ་དང་བལ་ཡུལ་གྱི་དམག་མིར་སྦྱོང་བརྡར་སྤྲོད་རྒྱུ་སོགས་ཀྱི་ཆེད་ཡིན་པ་བརྗོད་ཡོད་པ་རེད།

དེ་བཞིན་རྒྱ་ནག་གཞུང་གིས་བལ་ཡུལ་གཞུང་ལ་བོད་ཀྱི་རྒྱལ་ས་ལྷ་སར་ཡོད་པའི་བལ་ཡུལ་ཡན་ལག་གཞུང་ཚབ་ལས་ཁུངས་ཉམས་གསོའི་ཆེད་རྒྱ་གར་སྒོར་མོ་ས་ཡ་ཉི་ཤུ་སྤྲོད་རྒྱུའི་ཁས་ལེན་ཡང་བྱས་འདུག་ཅིང་སྔ་ལོ་བར་ལོ་ལྟར་རྒྱ་ནག་གཞུང་གིས་བལ་ཡུལ་ལ་སྒོར་ས་ཡ་ཆིག་སྟོང་ཙམ་གྱི་རོགས་རམ་སྤྲད་བཞིན་ཡོད་ཀྱང་སྔ་ལོ་ནས་བཟུང་རོགས་དངུལ་གྱི་གྲངས་ཚད་སྤར་ཏེ་ད་ཆ་ལོ་ལྟར་སྒོར་ས་ཡ་ཆིག་སྟོང་དྲུག་བརྒྱའི་རོགས་རམ་བྱ་རྒྱུའི་ཁས་ལེན་བྱས་ཡོད་པ་རེད།

དམག་དོན་ཆེད་སྤྲོད་རྒྱུའི་སྒོར་ས་ཡ་བརྒྱ་ཐམ་པ་དེ་འཆར་གཞི་མཁོ་སྤྲོད་བྱས་པ་གཞིར་བཟུང་ཆ་སྒོས་ཀྱི་ཐོག་ནས་སྤྲོད་རྒྱུ་ཡིན་པ་བལ་ཡུལ་གྱི་ཕྱི་སྲིད་ལས་ཁུངས་ཀྱི་ལས་བྱེད་པས་འགྲེལ་བརྗོད་བྱས་འདུག་ཅིང་བལ་ཡུལ་གྱི་ལྷ་སའི་གཞུང་ཚབ་ལས་ཁུངས་ཉམས་གསོ་བྱ་རྒྱུར་སྒོར་ས་ཡ་ཉི་ཤུ་ཐམ་སྤྲོད་རྒྱུའི་ཁས་ལེན་དེ་ཉེ་ཆར་བོད་རང་སྐྱོང་ལྗོངས་ཀྱི་དཔོན་རིགས་བལ་ཡུལ་དུ་འབྱོར་སྐབས་གསལ་བསྒྲགས་བྱས་པ་ཞིག་ཡིན་འདུག།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།