འབར་མའི་ལྕམ་ཨང་སན་སུ་ཅི་དང་རྒྱ་ནག་འབྲེལ་བ།

རྒྱ་ནག་ནས་འབར་མའི་མང་གཙོ་ཚོགས་པའི་ལྕམ་ཨང་སན་སུ་ཅི་མཆོག་དང་འབྲེལ་བ་ཞུས་ཡོད་པའི་གནས་ཚུལ་འདུག

2011.12.15

༄༅༎རེས་གཟའ་ཕུར་བུའི་ཆར་ཅན་གྱི་གསར་འགོད་ལྷན་ཚོགས་ཐོག་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ལིའུ་ལྦེ་མིན་གྱིས། འདས་པའི་བདུན་ཕྲག་དེའི་ནང་། འབར་མའི་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཆེན་མོ་བ་དང་། ལྕམ་ཨང་སན་སུ་ཅི་རྣམ་གཉིས་མཇལ་འཕྲད་གནང་ཡོད་པ་དང་། བདུན་ཕྲག་རྗེས་མ་རྒྱ་ནག་གི་དཔོན་རིགས་མཐོ་གྲས་ཏའེ་སྦེང་གོ་མཆོག་ཀྱང་འབར་མའི་ནང་མེ་ཀོང་མཚོའི་གནད་དོན་དང་འབྲེལ་བའི་ཚོགས་འདུར་ཕེབས་འཆར་ཡོད་ལུགས་འགྲེལ་བརྗོད་གནང་འདུག ཡང་གཞུང་ཚབ་པས་མུ་མཐུད་ནས་གསལ་བཤད་བྱེད་ཡག་ལ། རྒྱ་ནག་གཞུང་ཚབ་ཆེན་མོ་མཇལ་འཕྲད་གནང་རྒྱུ་དེ་ནི་མང་གཙོ་ཚོགས་པའི་ཚོགས་གཙོ་ལྕམ་ཨང་སན་སུ་ཅི་མཆོག་ནས་མཇལ་འཕྲད་ཡོང་བའི་ཚུར་དགོས་འདུན་བཏོན་པ་ལྟར་མཇལ་འཕྲད་གནང་བ་ཞིག་ཡིན་ལུགས་གསུངས་ཡོད་པ་རེད། དེ་དང་ཕྱོགས་མཚུངས་ལྕམ་ཨང་སན་སུ་ཅིའི་ལས་ཁུངས་ཀྱི་སྤྱི་ཁྱབ་པ་ཁ་ ཐ་མིན་ནས་ཀྱང་གོང་ཞུས་མཇལ་འཕྲད་གནང་ཡོད་ལུགས་གསལ་ཁ་བཏོན་གནང་བ་དང༌། སྦྲགས་ཁོང་རྣམ་གཉིས་ཆུ་ཚོད་གཅིག་ཙམ་རིང་བཀའ་བསྡུར་ལྷུག་པོ་བྱུང་ཡོད་ལུགས་ཀྱང་གསུངས་འདུག ད་རེས་ལྕམ་ཨང་སན་སུ་ཅི་དང་། རྒྱ་ནག་གི་དཔོན་རིགས་མཇལ་འཕྲད་གནང་བ་དེར་འབར་མའི་གནད་ཡོད་མི་སྣ་ཞིག་ནས་དགའ་བསུ་ཞུས་པ་དང་། སྦྲགས་རྒྱ་ནག་མཉམ་འབྲེལ་ལམ་ཡག་པོ་དགོས་རྒྱུ་དེ་ནི་ཧ་ཅང་གལ་ཆེན་པོ་ཡིན་པ་རེད་ཅེས་གསུངས་འདུག ཨ་མི་རི་ཀའི་ངོས་ནས་ཉེ་ཆར་འབར་མའི་མཉམ་དུ་འབྲེལ་བ་བསྐྱར་གསོ་བྱས་པས་མ་ཟད་མང་གཙོ་ཚོགས་པའི་ལྕམ་ཨང་སན་སུ་ཅི་མཆོག་དང་། མཇལ་འཕྲད་ཞུས་པའི་རྗེས་རྒྱ་ནག་ནས་ཀྱང་དེར་གནད་འགག་ཆེན་པོ་ཞིག་བརྩིས་པ་དང་། དམིགས་བསལ་ལྕམ་ཨང་སན་སུ་ཅིའི་མཉམ་འབྲེལ་བ་བྱེད་རྒྱུ་ནི་རྒྱ་ནག་ལའང་གལ་ཆེན་པོ་ཡིན་པའི་སྣང་ཚུལ་བྱུང་ཡོད་པའི་དཔྱད་ཞིབ་བྱེད་ཀྱི་ཡོད་པ་རེད། འོན་ཀྱང་རྒྱ་ནག་ངོས་ནས་འབར་མ་ལ་རྒྱ་ནག་གི་འབྲེལ་ལམ་དེ་ཨ་རི་ལས་གལ་ཆེ་བ་ཡིན་ལུགས་བཤད་ཀྱི་ཡོད་པ་བཅས་ཀྱི་གནས་ཚུལ་ཐོན་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎