རྒྱ་ནག་ནས་བོད་ལ་རང་སྲིད་རང་སྐྱོང་ལ་ངོས་ལེན་མེད་པ་བརྗོད།

ཏཱ་ལའི་བླ་མས་བོད་ལ་རང་སྲིད་རང་སྐྱོང་རྩོད་ལེན་གནང་བ་དེར་ངོས་ལེན་རྩ་བ་ཉིད་ནས་བྱེད་ཐབས་མེད་པ་རེད་ཅེས་རྒྱ་ནག་གཞུང་གིས་བརྗོད།

2008.11.21

༄༅༎༸གོང་ས་ཏཱ་ལའི་བླ་མས་བོད་ལ་རང་སྲིད་རང་སྐྱོང་རྩོད་ལེན་གནང་བ་ལས་རང་བཙན་རྩོད་ལེན་གནང་མིན་ལ་མ་ལྟོས་པར་དེར་ངོས་ལེན་རྩ་བ་ཉིད་ནས་བྱེད་ཐབས་མེད་པ་རེད་ཅེས་རྒྱ་ནག་གཞུང་གིས་དེ་རིང་རེས་གཟའ་པ་སངས་ཉིན་བསྐྱར་དུ་རྒྱ་ནག་གཞུང་འབྲེལ་ཤིང་ཧཱ་གསར་འགྱུར་བརྒྱུད་ལམ་ནང་གནས་ཚུལ་སྤེལ་འདུག

དེ་ཡང་རྒྱ་ནག་གཞུང་འབྲེལ་ཤིང་ཧ་གསར་འགྱུར་བརྒྱུད་ལམ་ནང་གནས་ཚུལ་སྤེལ་བར་གཞིགས་ན་ཏཱ་ལ་འི་བླ་མས་ལོ་མང་རིང་ཕྱེད་རང་བཙན་འམ་ཡང་ན་མངོན་གསལ་མེད་པའི་ཐོག་ནས་རང་བཙན་རྩོད་ལེན་བྱེད་བཞིན་ཡོད་པ་ནི་རྒྱ་ནག་རྒྱལ་ཡོངས་ཀྱི་ས་ཁྱོན་བཞི་ཆ་གཅིག་ནང་བོད་ཅེས་པའི་ཆབ་སྲིད་ཀྱི་ས་ཁུངས་ཞིག་ཏུ་འགྱུར་རྒྱུའི་འཆར་གཞི་ཡོད་པ་དང་དེ་ནས་རིམ་ནས་བཟང་ཕྱོགས་ཀི་གནས་སྟངས་སུ་འགྱུར་སོང་བ་ཡིན་ན་རིམ་བཞིན་བོད་རང་བཙན་ལེན་རྒྱུའི་རྩོད་ལེན་བྱེད་ཀྱི་ཡོད་པ་རེད་ཅེས་རྒྱ་ནག་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པ་ཆིང་ཀང་ཡིས་གསར་འགོད་ལྷན་ཚོགས་ཐོག་གསལ་སྟོན་བྱས་ཡོད་པ་རེད། དེ་ག་ནང་བཞིན་བདུན་ཕྲག་འདིའི་རེས་གཟའ་མིག་དམར་ཉིན་རྒྱ་ནག་གཞུང་གིས་གསལ་སྟོན་བྱས་པར་གཞིགསན་བོད་རང་བཙན་རྩོད་ལེན་བྱེད་རྒྱུ་འགྲུབ་ཐབས་མེད་པའི་དམིགས་ཡུལ་ཞིག་རེད་ཅེས་དང་ང་ཚོས་བོད་ཐོག་འཛིན་པའི་སྲིད་ཇུས་དེ་ཧ་ཅང་གི་གསལ་པོ་དང་འགྱུར་བ་མེད་པ་ཞིག་རེད། བོད་དེ་རྒྱ་ནག་དང་ཁ་བྲལ་གཏོང་རྒྱུའི་ལས་འགུལ་གང་འདྲ་ཞིག་སྤེལ་ཀྱང་དེའི་ཐད་ང་ཚོས་ངོས་ལེན་རྩ་བ་ནས་བྱེད་ཐབས་མེད་པ་རེད་ཅེས་བརྗོད་པ་མ་ཟད་བཙན་བྱོལ་བོད་གཞུང་ཞེས་པ་དེ་ནི་རྒྱལ་སྤྱིའི་ཐོག་ནས་ངོས་ལེན་མེད་པའི་གཞུང་ཞིག་རེད་ཅེས་ཆིང་ཀང་ཡིས་བདུན་ཕྲག་འདིའི་རེས་གཟའ་མིག་དམར་ཉིན་གསར་འགོད་པར་གསལ་སྟོན་བྱས་ཡོད་པ་བཅས་ཀྱི་གནས་ཚུལ་ཐོན་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎