རྒྱ་ནག་གིས་ཨ་རུ་ནཱ་ཅལ་གྱི་ས་ཆ་དྲུག་ལ་མིང་གསར་པ་བཏགས་འདུག

2017-04-19
གློག་འཕྲིན།
མཆན།
Share
པར་བཀོད།
བོད་དང་རྒྱ་གར་གྱི་ས་འབྲེལ་རྟ་དབང་ཕྱོགས་ཀྱི་ས་ཁྲ།
བོད་དང་རྒྱ་གར་གྱི་ས་འབྲེལ་རྟ་དབང་ཕྱོགས་ཀྱི་ས་ཁྲ།
Photo: RFA

རྒྱ་ནག་གཞུང་གིས་རྒྱ་གར་གྱི་ཨ་རུ་ནཱ་ཅལ་མངའ་སྡེའི་བདག་དབང་རང་ལ་ཡོད་ཚུལ་གྱིས་ཁུལ་དེའི་ས་གནས་དྲུག་ལ་མིང་གསར་བ་བཏགས་འདུག
དེ་ཡང་ཟླ་བ་འདིའི་ཚེས་༡༤ཉིན། རྒྱ་ནག་དམངས་སྲིད་ལྷན་ཁང་གིས། རྒྱ་ནག་གིས་བོད་ཀྱི་ལྷོ་ཕྱོགས་ཞེས་འབོད་པའི་རྒྱ་གར་གྱི་ཨ་རུ་ནཱ་ཅལ་མངའ་སྡེའི་ནང་གི་ས་ཆ་དྲུག་གི་མིང་གི་དག་ཆ་གཏན་འབེབས་བྱས་ཡོད་པ་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ལཱུ་ཀང་གིས་བརྗོད་འདུག་ཅིང་། རྒྱ་ནག་གཞུང་གིས་མི་དེ་དག་ནི་ས་ཁུལ་མི་དམངས་ཀྱིས་དེ་སྔོན་ནས་འབོད་བཞིན་པ་བརྗོད་ཡོད་པ་རེད།
ཨ་རུ་ནཱ་ཅལ་མངའ་སྡེའི་ནང་གི་ས་གནས་དེ་དག་གི་མིང་གི་དག་ཆ་བོད་རྒྱ་དབྱིན་གསུམ་གྱི་ཐོག་རྒྱ་ནག་གཞུང་འབྲེལ་གྱི་ཐོག་ནས་གཏེན་བེབས་བྱས་པ་ཐེངས་མ་དང་པོ་དེ་ཡིན་ཞིང་། གནད་དོན་དབྱེ་ཞིབ་པ་ཚོས་འདི་ནི་རྒྱ་ནག་གཞུང་གིས་ཉེ་སྔོན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཨ་རུ་ནཱ་ཅལ་མངའ་སྡེར་ཆིབས་བསྒྱུར་བསྐྱངས་བར་རྒྱ་གར་གཞུང་ལ་ངོ་རྒོལ་གྱི་རྣམ་འགྱུར་མུ་འཐུད་བསྟན་པའི་བྱ་ཐབས་ཞིག་ཡིན་པར་ཚོད་དཔག་བྱེད་བཞིན་ཡོད་པ་རེད།
རྒྱ་ནག་གཞུང་གིས་ཨ་རུ་ན་ཅཱལ་ས་ཆའི་རྒྱ་ཁྱོན་ཆེན་པོ་ཞིག་ལ་བོད་ལྷོ་ཕྱོགས་ཞེས་འབོད་དེ། ས་ཁུལ་དེ་དག་རྒྱ་ནག་གི་ཆ་ཤས་ཞིག་ཡིན་པ་བརྗོད་བཞིན་ཡོད་པ་དང་། ཉེ་ཆར་མིང་གི་དག་ཆ་གཏེན་བེབས་བྱས་པའི་ས་གནས་དྲུག་པོ་ནི། ཨོ་རྒྱན་གླིང་དང་། མི་ལ་རི།  མཆོད་རྟེན་དཀར་པོ་རི། སྨན་ཆུ་ཁ། པུས་མོ་ལ། ནམ་མཁའ་ཕུབ་རི་ཅེས་ཡིན་པ་རེད།
ཉེ་ཆར་རྒྱ་གར་དབུས་གཞུང་གི་ནང་སྲིད་བློན་ཆེན་གཞོན་པ་Kiren Rijijuམཆོག་གིས་ཨ་རུ་ན་ཅལ་མངའ་སྡེ་ནི་ཁ་བྲལ་ཐབས་མེད་པའི་རྒྱ་གར་གྱི་ཆ་ཤས་ཤིག་ཡིན་ལུགས་བསྐྱར་བཤད་ནན་པོར་གནང་ཡོད་པ་དང་།
རྒྱ་དཀར་ནག་གཉིས་བར་རྒྱུན་རིང་ནས་མཐའ་མཚམས་ཀྱི་ས་ཐིག་སྤྱི་ལེ་༣༤༨༨ཡི་རྒྱ་ཁྱོན་གྱི་རྩོད་རྙོག་ཡོད་པ་རེད། ས་མཚམས་རྩོད་རྙོག་སེལ་ཐབས་སུ་ད་བར་རྒྱ་དཀར་ནག་གཉིས་བར་གྲོས་མོལ་ཐེངས་༡༩ ཙམ་གནང་ཡོད་ཀྱང་འབྲས་བུ་གང་ཡང་ཐོན་མེད་པ་རེད།།

གསར་འགོད་པ་ལྕགས་མོ་མཚོ་དང་། ཚེ་དབང་དངོས་གྲུབ།

མཆན། (0)
Share
དྲ་གནས་ཆ་ཚང༌།