རྒྱ་ནག་གིས་གསོལ་མགྲོན་ཁང་ཞིག་གི་དྲྭ་རྒྱ་གནས་སྐབས་སྒོ་རྒྱབ་ནས་ཉེས་ཆད་བཏང་འདུག

2018-01-12
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱ་ནག་པེ་ཅིན་ལ་ཡོད་པའི་(Marriott)་གསོལ་མགྲོན་ཁང་གི་སྒོ་བྱང་།
རྒྱ་ནག་པེ་ཅིན་ལ་ཡོད་པའི་(Marriott)་གསོལ་མགྲོན་ཁང་གི་སྒོ་བྱང་།
AP

རྟེན་གཞི་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ན་ཡོད་པའི་(Marriott)་གསོལ་མགྲོན་ཁང་གིས་བོད་དང་ཐེ་ཝན། ཧོང་ཀོང་། མཱ་ཁོ་བཅས་རྒྱལ་ཁབ་ཏུ་ངོས་འཛིན་བྱས་སྟབས། རྒྱ་ནག་གཞུང་གིས་གསོལ་མགྲོན་ཁང་དེའི་དྲྭ་རྒྱ་བདུན་ཕྲག་གཅིག་རིང་སྒོ་བརྒྱབས་ནས་ཉེས་ཆད་བཅད་ཡོད་འདུག
དེ་ཡང་(Marriott)་གསོལ་མགྲོན་ཁང་གིས་ཉེ་ལམ་རྒྱ་རིགས་སྐུ་མགྲོན་ཚོར་དྲྭ་རྒྱ་བརྒྱུད་བརྟག་དཔྱད་འདྲི་ཞིབ་ཀྱི་ལས་འགུལ་ཞིག་སྤེལ་ཡོད་པ་དང་། བརྟག་དཔྱད་འདྲི་ཞིབ་ཁྲོད། ཁྱེད་རང་ད་ལྟ་རྒྱལ་ཁབ་གང་ན་བཞུགས་ཡོད་དམ་ཞེས་པའི་དྲི་བའི་གདམ་ཀའི་རྣམ་གྲངས་སུ། བོད། ཐེ་ཝན། ཧོང་ཀོང་། མཱ་ཁོ་བཅས་ཡོད་པ་རྒྱ་རིགས་ཞིག་གིས་ཤེས་རྟོགས་བྱུང་ཞིང་། དེ་མ་ཐག་(Marriott)་གསོལ་མགྲོན་ཁང་གིས་གདམ་ཀའི་རྣམ་གྲངས་བཟོ་བཅོས་བྱས་ནས་རེས་གཟའ་མིག་དམར་ཉིན་དགོངས་དག་ཞུས་ཡོད་པ་དང་། རེས་གཟའ་ལྷག་པར་གསལ་བསྒྲགས་ཞིག་སྤེལ་ནས་(Marriott)་གསོལ་མགྲོན་ཁང་གིས་རྒྱ་ནག་གི་བདག་དབང་ལ་གུས་བརྩི་ཞུ་བཞིན་ཡོད་པ་དང་།  དེ་ལྟ་བུའི་ནོར་འཁྲུལ་རིགས་རྗེས་ཕྱོགས་སུ་མི་འབྱུང་རྒྱུའི་ཁག་ཐེག་བྱས་ཡོད་པ་རེད།
ཡིན་ན་ཡང་། (Marriott)་གསོལ་མགྲོན་ཁང་གིས་དགོངས་དག་ཞུས་མིན་ལ་མ་ལྟོས་པར། ཧྲང་ཝེ་གྲོང་ཁྱེར་ཧུང་ཕུ་ཁུལ་སྲིད་གཞུང་གིས་(Marriott)་གསོལ་མགྲོན་ཁང་རྒྱ་ནག་གི་དྲྭ་རྒྱ་བདེ་འཇགས་ཁྲིམས་སྲོལ་དང་ཁྱབ་བསྒྲགས་ཁྲིམས་སྲོལ་ལ་འགལ་བ་མ་ཟད། རྒྱ་ནག་མི་དམངས་ཀྱི་བརྩེ་བར་ཕོག་ཐུག་བཏང་ལུགས་ལ་བསྙད་ནས། གྱོད་དོན་ཐོ་འགོད་ཀྱིས་བརྟག་དཔྱད་བྱེད་རྒྱུའི་ཐོག་ (Marriott)་གསོལ་མགྲོན་ཁང་གི་རྒྱ་ཡིག་དྲྭ་རྒྱ་བདུན་ཕྲག་གཅིག་རིང་སྒོ་རྒྱག་རྒྱུའི་ཉེས་ཆད་བཅད་ཡོད་འདུག
(Marriott)་གསོལ་མགྲོན་ཁང་གིས་ཡང་དང་བསྐྱར་དུ་དགོངས་དག་ཞུས་པས་རྒྱ་ནག་གི་ཁོང་ཁྲོ་གནོན་ཐུབ་མིན་མི་ཤེས་མོད། རེས་གཟའ་ཕུར་བུའི་ཉིན་རྒྱ་ནག་གཞུང་འབྲེལ་ཞིན་ཧྭ་གསར་ལས་ཁང་གི་རྩོམ་ཡིག་ཅིག་གི་ནང་དུ་བདག་དབང་ནི་མངོན་པར་གསལ་བའི་གཞི་རྩའི་ཚད་ཐིག་དེ་ཡིན་པས། དེ་ལ་འགྲན་སློང་དང་ཕོག་ཐུག་བཏང་མི་ཆོག་ཅེས་བཀོད་ཡོད་པ་རེད།
(Marriott)་གསོལ་མགྲོན་ཁང་འཛམ་གླིང་རྒྱལ་ཁབ་བརྒྱ་ལྷག་གི་ནང་ཡོད་པ་དང་། རྒྱ་ནག་པེ་ཅིང་དང་ཧྲང་ཧེ་ཁོ་ན་རུ་ (Marriott)་གསོལ་མགྲོན་ཁང་ ༣༠ ་ལྷག་ཡོད་པ་རེད།

གསར་འགོད་པ་སྟག་ལྷ་རྒྱལ།

མཆན། (0)
Share
དྲ་གནས་ཆ་ཚང༌།