རྒྱ་ནག་གི་འགྲན་ཙེད་པ་ཞིག་གིས་རྩལ་ཤུགས་རྒྱས་བྱེད་སྨན་ཟས་སྐོར།

རྒྱ་ནག་གི་ཆུ་རྐྱལ་འགྲེན་རྩེད་པ་སྐད་གྲགས་ཆེ་ཤོས་ཤིག་གི་གཅིན་པར་བརྟག་དཔྱད་བྱས་པའི་སྐབས་ལུས་ཤུགས་ཀྱི་རྩལ་རྒྱས་པར་བྱེད་པའི་རྫས་ཤུལ་ཐོན་ཡོད་པ་རེད།
2008-06-27
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎རྒྱ་ནག་གི་ཆུ་རྐྱལ་འགྲེན་རྩེད་པ་སྐད་གྲགས་ཆེ་ཤོས་ཤིག་གི་གཅིན་པར་བརྟག་དཔྱད་བྱས་པའི་སྐབས་ ལུས་ཤུགས་ཀྱི་རྩལ་རྒྱས་པར་བྱེད་པའི་རྫས་ཤུལ་ཐོན་པའི་རྐྱེན་གྱིས་ ད་ནས་བཟུང་ཆུ་རྐྱལ་འགྲན་རྩོད་ཀྱི་ནང་རྩ་བ་ནས་ཞུགས་ཆོག་རྒྱུ་མིན་པ་རེད་

གནས་ཚུལ་འདི་ནི་པེ་ཅིང་དུ་ཨོ་ལིམ་པིག་ཚུགས་རྒྱུར་བདུན་ཕྲག་དྲུག་ཙམ་ལས་མེད་པའི་སྔོན་དུ་བྱུང་ཞིང་ མགྲོན་བདག་རྒྱལ་ཁབ་ངོ་ཚ་པོ་བྱུང་གཞིའི་གནས་ཚུལ་ཞིག་ཀྱང་ཡིན་པ་རེད་

ཨོའུ་དབྱང་ཁུན་ཕེང་ནི་ རྒྱ་ནག་ནང་ཆུ་རྐྱལ་འགྲན་རྩེད་པ་རྩེ་ཕུད་གྲས་ཤིག་ཡིན་པ་དང་ ཁོ་མོའི་གཅིན་པ་ནས་ལུས་ཤུགས་རྒྱས་པའི་རྫས་ཤུལ་དེ་ཕྱི་ཟླ་ལྔ་པའི་ཚེས་ ༡ ཉིན་ཐོན་སྟེ་ ད་བར་འདིའི་ཐད་ཞིབ་འཇུག་བྱས་འདུག་པ་དང་ ཁ་སང་ཕྱི་ཟླ་དྲུག་པའི་ཚེས་ ༢༦ ཉིན་རྒྱ་ནག་ཆུ་རྒྱལ་མཐུན་ཚོགས་ནས་གནས་ཚུལ་འདི་དངོས་སུ་ཡོངས་གྲགས་བྱས་པ་དང་ཆབས་གཅིག་ ཨོའུ་དབྱང་ཁུན་ཕེང་ དང་ཁོ་མོའི་དགེ་རྒན་ཕཱང་ཤང་བའོ་གཉིས་ཀ་ མི་ཚེ་ཧྲིལ་པོའི་རིང་ཆུ་རྐྱལ་འགྲན་རྩེད་ནང་ཞུགས་མི་ཆོག་པའི་དམ་བསྒྲགས་བྱེད་རྒྱུའི་ཐག་གཅོད་དེ་ཡང་གསལ་བསྒྲགས་བྱས་ཡོད་པ་རེད་

རྒྱལ་སྤྱིའི་རྩེད་འགྲན་གྱི་ཁྲིམས་ལུགས་ཀྱི་ཐོག་ནས་ ལུས་ཤུགས་རྒྱས་པའི་རྫས་དང་སྨན་སོགས་རྩ་བ་ནས་བེད་སྤྱོད་བྱེད་ཆོག་གི་མེད་ཅིང་ དེ་ནི་གཙོ་བོ་རྩེ་མོ་དྲང་བདེན་ཞིག་འབྱུང་ཐབས་ཆེད་ཡིན་པ་རེད་

ཨོའུ་དབྱང་ལ་ཕྱི་ལོ་ ༢༠༠༦ ལོའི་ཨེ་ཤི་ཡའི་ལུས་རྩལ་འགྲན་ཚོགས་སྐབས་ དངུལ་གྱི་རྟགས་མ་གསུམ་ཐོབ་མྱོང་ཡོད་པ་དང་ འདི་ལོའི་པེ་ཅིང་གི་ཨོ་ལིམ་པིག་སྐབས་གསེར་གྱི་རྟགས་མ་འཐོབ་རྒྱུར་རེ་བ་ཆེན་པོ་ཡོད་པའི་རྒྱ་མིའི་རྩེད་འགྲན་པའི་གྲས་ཤིག་ཡིན་པ་རེད་

རྒྱ་མིའི་ཆུ་རྐྱལ་འགྲན་རྩེད་པའི་ཁོངས་སུ་ ལུས་ཤུགས་རྒྱས་པའི་རྫས་བེད་སྤྱོད་བྱེད་མཁན་ཡོད་པའི་གནས་ཚུལ་དེ་གསར་པ་ཞིག་གང་ཡང་མིན་ཞིང་ ལོ་རབས་དགུ་བཅུའི་ནང་རྒྱ་ནག་གི་ཆུ་རྐྱལ་འགྲན་རྩེད་པ་ཁག་གཅིག་ནས་དམ་བསྒྲགས་ཡོད་པའི་རྫས་རིགས་བེད་སྤྱོད་བྱེད་པའི་གནས་ཚུལ་ཡང་བྱུང་མྱོང་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།