རྒྱ་ནག་གཞུང་གིས་ཐེ་ཝན་རང་བཙན་མིན་ཚུལ་བཤད་པར་ངོས་ལེན་བྱས་མི་འདུག

2017-09-27
གློག་འཕྲིན།
མཆན།
Share
པར་བཀོད།
ཐེ་ཝན་གྱི་སྲིད་འཛིན་གསར་བ་ལྕམ་ཚའེ་ཡེ་ཝུན་Tsai Ing-wenགྱིས་དམ་འབུལ་མཛད་སྒོ། ༢༠༡༦།༥།༢༠
ཐེ་ཝན་གྱི་སྲིད་འཛིན་གསར་བ་ལྕམ་ཚའེ་ཡེ་ཝུན་Tsai Ing-wenགྱིས་དམ་འབུལ་མཛད་སྒོ། ༢༠༡༦།༥།༢༠
Xiaxiao Hua

རྒྱ་ནག་གཞུང་གིས་ཉེན་བརྡ་དང་བཅས་ཐེ་ཝན་འདི་བཞིན་རྒྱལ་ཁབ་ཅིག་མ་རེད་ཅེས་བཤད་ནའང་ཐེ་ཝན་གྱིས་དེ་ལ་ངོས་ལེན་བྱས་མི་འདུག
དེ་ཡང་ཐེ་ཝན་གྱིས་རང་བཙན་ཡིན་ཞེས་ཡོངས་གྲགས་ཀྱིས་ཁྱབ་སྤེལ་བྱས་ན་བྱུང་འབྲས་ངན་པ་ཡོང་རྒྱུ་ཡིན་པ་ད་དུང་རྒྱ་ནག་གིས་ཉེས་བརྡ་བཏང་འདུག འོན་ཀྱང་ཐེ་ཝན་གཞུང་གིས་རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་ཅེས་ཐེ་ཝན་གྱི་མིང་ངོ་མ་དེའི་ཐོག་ནས་རང་བཙན་རྒྱལ་ཁབ་ཅིག་ཡིན་པ་དེ་ལ་རྒྱ་ནག་སྐམ་ས་ཆེན་པོའི་གཞུང་གིས་གང་བཤད་མིན་ལ་མ་ལྟོས་པར་དོན་དངོས་དེ་འགྱུར་བ་གཏོང་ཐུབ་ཀྱི་མ་རེད་ཅེས་བརྗོད་འདུག
དེ་ཡང་ཐེ་ཝན་གྱི་གསར་དུ་བསྐོ་བཞག་བྱས་པའི་སྲིད་བློན་(Premier William Lai) ་ལགས་ཀྱིས་གཟའ་མིག་དམར་ཉིན། གྲོས་ཚོགས་ནང་གཏམ་བཤད་སྤེལ་སྐབས་སུ་ཁོང་ནི་ཆབ་སྲིད་ཀྱི་ལས་དོན་གཉེར་མཁན་ཞིག་ཡིན་པའི་ཆ་ནས་ཐེ་ལཝན་རང་བཙན་རྩོད་ལེན་བྱེད་མཁན་ཞིག་ཡིན། འོན་ཀྱང་ཐེ་ཝན་དེ་བཞིན་རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་ཅེས་སྔ་ས་ནས་རང་དབང་རང་བཙན་ཡིན་པའི་ལུང་པ་ཞིག་རེད། དེར་བརྟེན་རང་བཙན་ཡིན་པའི་གསལ་བསྒྲགས་གནང་དགོས་དོན་ཡོད་མ་རེད་ཅེས་གསུངས་འདུག
འོན་ཀྱང་རྒྱ་ནག་གཞུང་གིས་ཐེ་ཝན་ནང་བཙུགས་པའི་ལས་དོན་ལྷན་ཁང་གི་མགྲིན་ཚབ་པ་ (Ma Xiaoguang)་ཡིས་གོང་ཞུས་གཏམ་བཤད་དེ་ལ་ལན་འདེབས་བྱས་དོན། རྒྱ་ནག་སྐམ་ས་དང་ཐེ་ཝན་བར་གྱི་འབྲེལ་ལམ་དེ་ཡུལ་གྲུ་གཉིས་ཀྱི་འབྲེལ་ལམ་ཞིག་མ་རེད། དེ་བཞིན་རྒྱ་ནག་དང་ཐེ་ཝན་ཟེར་བ་ཐ་དད་སོ་སོ་མ་རེད།
ཐེ་ཝན་ནི་རྒྱ་ནག་གི་ས་ཁོངས་ཁ་བྲལ་ཐབས་མེད་པ་ཞིག་རེད། དེ་ནི་ལུང་པ་གཞན་ཞིག་མ་རེད་ལ་ནམ་ཡང་ལུང་པ་གཞན་ཞིག་ཆགས་ཐུབ་ཀྱི་མ་རེད་ཅེས་བརྗོད་འདུག
རྒྱ་ནག་སྐམ་ས་ཆེན་པོས་ཐེ་ཝན་རང་བཙན་ཞེས་པའི་ཚིག་དང་ལག་ལེན་གང་ཞིག་ཐོག་ལ་མཐའ་གཅིག་དུ་ངོ་རྒོལ་བྱེད་ཀྱི་ཡོད། རྒྱལ་ཁབ་ཁ་བྲལ་གཏོང་རྒྱུ་བྱ་བ་ནམ་ཡང་བྱེད་བཅུག་རྒྱུ་མིན། ཐེ་ཝན་རང་བཙན་གྱི་ཁ་བྲལ་ལས་འགུལ་སྤེལ་ན་བྱུང་འབྲས་ངན་པ་སྨིན་རྒྱུ་རེད་ཅེས་བརྗོད་འདུག
ཐེ་ཝན་གྱི་རྒྱ་ནག་སྐམ་ས་ཆེན་པོའི་ལས་དོན་ལྷན་ཚོགས་ཀྱིས་རྒྱ་ནག་གིས་གང་བཤད་པ་དེ་ལ་གནད་འགག་གང་ཡང་མི་འདུག ཐེ་ཝན་དེ་བཞིན་རང་བཙན་རྒྱལ་ཁབ་ཅིག་ཡིན་པ་ཕྱོགས་ལྷུང་མེད་པའི་ཐོག་ནས་བལྟས་ན་དངོས་ཡོད་གནས་ཚུལ་ཞིག་རེད་ཅེས་དང་། དེ་བཞིན་ཐེ་ཝན་གྱི་མ་འོངས་པ་དང་རྒྱ་ནག་ནག་སྐམ་ས་ཆེན་པོ་གཉིས་བར་འབྲེལ་ལམ་གྱི་འཕེལ་རིམ་དེ་ཐེ་ཝན་མི་དམངས་ས་ཡ་༢༣་ཡོད་པ་དེས་ཐག་གཅོད་གནང་གི་རེད་ཅེས་བརྗོད་འདུག
ཐེ་ཝན་གྱི་སྲིད་འཛིན་Tsai Ing-wenཡིས་སྔར་ལོ་སྲིད་དབང་བཟུང་བ་ནས་བཟུང་རྒྱ་ནག་སྐམ་ས་དང་འབྲེལ་ལམ་ཇེ་སྡུག་ཏུ་སོང་ཡོད་ལ་ཁོང་གིས་རང་བཙན་དོན་གཉེར་བྱེད་ཀྱི་ཡོད་པར་རྒྱ་ནག་གི་དོགས་པ་བྱེད་བཞིན་ཡོད་པ་དང་། དེ་བཞིན་རྒྱ་ནག་སྐམ་ས་ཆེན་པོ་ནས་ཐེ་ཝན་དུ་ཡུལ་སྐོར་སྤྲོ་འཆམ་ཡོང་མཁན་ཡང་ཇེ་ཉུང་དུ་ཕྱིན་ཡོད་པ་རེད༎

གསར་འགོད་པ་རྡོ་རྗེ་དགྲ་འདུལ།

མཆན། (0)
Share
དྲ་གནས་ཆ་ཚང༌།