རྒྱ་རིགས་དང་འབྲེལ་བའི་ལས་དོན་བྱེད་ཕྱོགས་ཀྱི་ཚོགས་འདུ་དང་ཟབ་སྦྱོང་ཐེངས་དྲུག་པ།


2018.10.22
རྒྱ་རིགས་དང་འབྲེལ་བའི་ལས་དོན་བྱེད་ཕྱོགས་ཀྱི་ཚོགས་འདུ་དང་ཟབ་སྦྱོང་ཐེངས་དྲུག་པ། རྒྱ་རིགས་དང་འབྲེལ་བའི་ལས་དོན་བྱེད་ཕྱོགས་ཀྱི་ཚོགས་འདུ་དང་ཟབ་སྦྱོང་ཐེངས་དྲུག་པ།
ལེགས་སྨོན།/RFA

གཞི་རྩའི་རྒྱ་རིགས་ཚོར་འབྲེལ་བ་བྱེད་ཆོག་ཀྱང་གནད་དོན་གཅིག་དང་བརྒྱུད་ལམ་གཅིག་དེ་བཀའ་ཤག་རང་གིས་གནང་གི་རེད་ཅེས་སྲིད་སྐྱོང་མཆོག་གིས་རྒྱ་རིགས་དང་འབྲེལ་བའི་ལས་དོན་ཚོགས་འདུའི་སྐབས་གསུང་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་རྒྱ་ཡིག་ཚན་པས་་གོ་སྒྲིག་གནང་སྟེ། རྒྱ་རིགས་དང་འབྲེལ་བའི་ལས་དོན་བྱེད་ཕྱོགས་ཀྱི་ཚོགས་འདུ་དང་ཟབ་སྦྱོང་ཐེངས་༦པ། བཞུགས་སྒར་ཉེ་མཁྲིས་དབུས་སྣེ་ལེན་ཁང་གསར་པའི་ནང་སྤྱི་ཟླ་༡༠པའི་ཚེས་༢༢ནས་༢༥བར་གནང་གི་ཡོད་ཅིང་། དེ་ལ་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་རྒྱ་སྐད་ཤེས་མཁན་དང་།  བོད་དོན་ལ་དོ་སྣང་ཡོད་པ། རྒྱལ་ཁབ་མི་འདྲ་བ་༡༢ནས་བོད་མི་ཕོ་མོ་༤༥ཆེད་བཅར་གནང་ཡོད་པ་དང་། ཚོགས་འདུ་ཉི་མ་དང་པོར་སྤྱི་ཚེས་༢༢ཉིན་གྱི་ཞོགས་པར། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་རྒྱ་རིགས་འབྲེལ་མཐུད་པ་ཚོས། རྒྱ་རིགས་གང་འདྲ་ཅིག་ལ་འབྲེལ་བ་བྱས་ན་འགྲིག་གི་ཡོད་ནའང་གནད་དོན་གཅིག་དང་བརྒྱུད་ལམ་གཅིག་ཟེར་བ་དེ་བཀའ་ཤག་རང་གིས་གནང་གི་རེད་མ་གཏོགས་གཞན་དག་གིས་གནང་རྒྱུ་མེད་སྐོར་གསལ་འདེབས་གནང་སྐབས། སྲིད་སྐྱོང་མཆོག་གིས། གཞི་རྩའི་རྒྱ་ཡིག་འབྲེལ་མཐུད་པ་ཚོས་རྒྱ་རིགས་གང་འདྲ་ཅིག་ལ་འབྲེལ་བ་བྱས་ན་འགྲིག་གི་ཡོད། དམངས་གཙོ་རྩོད་མཁན་གཅིག་པུ་མིན་པར་རྒྱ་རིགས་མཁས་པ་དང་རྩོམ་པ་བོ། རྒྱ་ནག་གཞུང་གི་གཞུང་ཚབ་རང་མིན་པར་ཚོགས་པ་ཁག་ལ་གནང་ན་འགྲིག་གི་ཡོད་པ་རེད། ཡིན་ནའང་ང་ཚོའི་སྲིད་བྱུས་དེ་གནད་དོན་གཅིག་དང་བརྒྱུད་ལམ་གཅིག་ཟེར་བ་དེ། ག་འདྲ་བྱས་ནས་གནང་དགོས་པ་རེད་ཅེས་ན། ཚོགས་འདུ་ལ་བཅར་ནས་ཕར་ཚུར་བགྲོ་གླེང་གི་རྣམ་པའི་ཐོག་ནས་རེད་མ་གཏོགས། དེའི་མིང་ཁུར་ནས་གཞུང་ཚབ་ལ་ཕྱིན་པ་དང་འབྲེལ་བ་བྱེད་པ། ཡང་ང་དབུ་མའི་ལམ་ཡིན་པ་དང་རྒྱ་མི་ལ་འབྲེལ་བ་བྱེད་མཁན་ཡིན་ཟེར་ན་འགྲིག་གི་མེད། གཞུང་འབྲེལ་ནི་གཞུང་ཚབ་དེ་གཞུང་འབྲེལ་ཆགས་བསྡད་ཡོད་པ་དང་། དེའི་གནད་དོན་གཅིག་དང་བརྒྱུད་ལམ་གཅིག་ཟེར་བ་བཀའ་ཤག་རང་གིས་གནང་གི་རེད་མ་གཏོགས་གཞན་དག་གིས་གནང་རྒྱུ་མེད། མཐོ་སློབ་བཅས་སུ་བགྲོ་གླེང་དང་བསམ་ཚུལ་བརྗེ་རེས་བྱས་ན་འགྲིག་གི་ཡོད་ཅེས་ལམ་སྟོན་གནང་སོང་ལ། ཡང་ཚོགས་འདུ་དེར་རྒྱ་རིགས་མཁས་པ་ཏིང་ཡི་ཕུ་ནས་རྒྱ་ནག་གི་དངོས་ཡོད་གནས་སྟངས་དང་། བོད་ཀྱི་མདུན་དུ་ལྷག་པའི་འགྲན་སློང་དང་གོ་སྐབས་ཀྱི་བརྗོད་གཞིའི་ཐོག་གསུང་བཤད་གནང་སྐབས། ཁོང་གིས་ལོ་རྒྱུས་ལ་ཕྱིར་མིག་བལྟས་ན་རྒྱ་ནག་ནང་ལ་འགྱུར་བ་མ་སོང་བར་བོད་ཀྱི་གནད་དོན་ལ་འགྱུར་བ་འགྲོ་མི་ཐུབ་མོད། དེང་སང་རྒྱ་ནག་ནང་སྤྱི་ཚོགས་བརྟན་ལྷིང་མེད་པར་དཀའ་རྙོག་དང་ཟིང་ཆ་ཆེན་པོ་ཡོད་པས། བོད་དོན་འགྱུར་བ་ཡོང་རེ་དང་གོ་སྐབས་མཐོང་གི་ཡོད་ནའང་། འགྱུར་བ་དེ་ག་དུས་འགྲོ་མིན་བཤད་ཚོད་མི་ཐིག་པས། གལ་གནད་ཆེ་ཤོས་ནི་རྒྱ་ནག་ནང་འགྱུར་བ་དེ་འདྲ་ཡོང་སྐབས། བོད་མིའི་ངོས་ནས་གྲ་སྒྲིག་ཡོད་མེད་ལ་ཐུག་ཡོད་ལུགས་སོགས་གསུངས་སོང་།
གཞན་ཡང་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་རྒྱ་རིགས་དང་འབྲེལ་ལས་དོན་དང་ཟབ་སྦྱོང་ཚོགས་འདུ་གནང་དོན་སྐོར་ངོ་སྤྲོད་གནང་རྒྱུར། རྒྱ་ནག་ནང་གི་རྒྱ་རིགས་ཚོས་རྒྱ་གཞུང་ཕྱོགས་ཀྱི་ལངས་ཕྱོགས་མ་གཏོགས་མཁྱེན་གྱི་མེད་པས། རྒྱ་རིགས་ཚོས་བོད་དོན་དངོས་མཁྱེན་རྟོགས་ཡོང་བར་གོ་རྟོགས་སྤེལ་གལ་ཆེ་ནའང་། ཕྱི་དྲིལ་རྒྱ་སྐད་ཚན་པ་དང་སྐུ་ཚབ་དོན་གཅོད་ནང་གི་རྒྱ་རིགས་འབྲེལ་མཐུད་པ་ཁ་ཤས་ཀྱིས་བསྙོབ་ཐུབ་རྒྱུ་ཁག་པོ་ཡིན་ན། བོད་པ་ཚང་མས་རྒྱ་རིགས་མཉམ་དུ་འབྲེལ་བ་བྱས་ཏེ། དངོས་ཡོད་གནས་ཚུལ་གསལ་བོ་བཟོས་ནས་གཙོ་ཆེ་ཤོས་རྒྱ་མི་རིགས་དང་བོད་མི་རིགས་བར་འཆམ་མཐུན་གྱིས་མ་འོངས་པར་གནས་ཐུབ་པ་དང་། རྒྱ་ནག་གཞུང་གི་འཁྱོག་བཤད་ལ་ང་ཚོས་བདེན་པ་གསལ་བཤད་དེ་ཧ་ཅང་གལ་ཆེ་ཡིན་པས། ཟབ་སྦྱོང་དང་ཚོགས་འདུའི་དམིགས་ཡུལ་དེ་ཡིན་ལུགས་ངོ་སྤྲོད་གནང་སོང་།
ཚོགས་འདུ་ཟབ་སྦྱོང་འདིར་༧གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་དང་དབུ་མའི་ལམ་གྱི་སྲིད་བྱུས། རྒྱ་རིགས་དང་འབྲེལ་ལམ་གལ་གནད་དང་བོད་ཀྱི་ཁོར་ཡུག་དང་ལྔ་དང་ལྔ་བཅུའི་འཆར་སྣང་། ཞུ་གཏུག་ལས་འགུལ་དང་རྒྱལ་སྤྱིའི་འབྲེལ་བ། མཉམ་རུབ་ཀྱི་ལས་དོན་སྤེལ་ཕྱོགས་དང་ཐབས་བྱུས་ལྡན་པའི་འཆར་གཞི་སྒྲིག་སྟངས་སོགས བརྗོད་གཞི་སྣ་ཚོགས་སྟེང་གསུང་བཤད་ཟབ་སྦྱོང་གནང་གི་ཡོད་པ་རེད།

གསར་འགོད་པ་བློ་བྷེ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎