རྒྱ་ནག་ནང་དམངས་གཙོའི་ལམ་ལུགས་མེད་པ་མ་ཟད་གནས་སྟངས་ཇེ་སྡུག་ཡིན་པ་ཉམས་ཞིབ་པས་ངོས་འཛིན།

2021-06-04
Share
རྒྱ་ནག་ནང་དམངས་གཙོའི་ལམ་ལུགས་མེད་པ་མ་ཟད་གནས་སྟངས་ཇེ་སྡུག་ཡིན་པ་ཉམས་ཞིབ་པས་ངོས་འཛིན། རྒྱ་ནག་གི་རྒྱལ་ས་པེ་ཅིང་གནམ་བདེ་སྒོ་མོའི་ཐང་ཆེན་དུ། 1989
AFP

རྒྱ་ནག་ནང་དྲུག་བཞིའི་དམངས་གཙོའི་ལས་འགུལ་སྤེལ་ནས་ལོ་ངོ་༣༢་འཁོར་ཡོད་ཀྱང་རྒྱ་ནག་ནང་ད་དུང་ཡང་དམངས་གཙོའི་ལམ་ལུགས་མེད་པ་མ་ཟད་གནས་སྟངས་ཇེ་སྡུག་ཡིན་པ་བོད་གནས་ཉམས་ཞིབ་པ་དང་རྒྱུས་མྱོང་ཅན་ཚོས་ངོས་འཛིན་གནང་གི་འདུག
ད་ལོར་སྤྱི་ཟླ་༦་པའི་ཚེས་༤་ཉིན་ནི་རྒྱ་ནག་གི་རྒྱལ་ས་པེ་ཅིང་གནམ་བདེ་སྒོ་མོའི་ཐང་ཆེན་དུ། སྤྱི་ལོ་༡༩༨༩་ལོའི་ཟླ་༦་པའི་ཚེས་༤་ཉིན། རྒྱ་ནག་ནང་དམངས་གཙོ་དང་སྨྲ་བརྗོད། གསར་འགོད་རང་དབང་བཅས་ཡོང་བར། རྒྱ་ནག་དམར་ཕྱོགས་གཞུང་ལ་རྒྱ་རིགས་གཙོ་བོར་གྱུར་པའི་སློབ་ཆེན་པ་ས་ཡ་བརྒལ་བ་ལྷན་འཛོམས་ངོ་རྒོལ་གནང་སྐབས། རྒྱ་ནག་གཞུང་གིས་ཉིན་དེར་སློབ་ཕྲུག་དམངས་གཙོ་དོན་གཉེར་བ་ཚོའི་ཐོག་དྲག་གནོན་ཚབས་ཆེན་བྱས་ནས་སློབ་ཕྲུག་སྟོང་ཕྲག་ཁ་ཤས་དམར་གསོད་དང་འཛིན་བཟུང་བཙོན་འཇུག་བྱས་ནས་ད་བར་མི་ལོ་༣༢་འཁོར་བའི་ཉིན་མོ་ཡིན་པར་བརྟེན། རྒྱ་ནག་གཞུང་གིས་འཆར་ཅན་ལྟར་ཚོར་བ་རྣོན་པོའི་སྒོ་ནས་དམ་དྲག་ཤུགས་ཆེ་བྱེད་བཞིན་པ་རེད།
བོད་ཀྱི་སྲིད་བྱུས་ཉམས་ཞིབ་པ་བསྟན་འཛིན་ལྷ་སྒྲོན་ལགས་ནས། རྒྱ་ནག་ནང་དམངས་གཙོའི་ལས་འགུལ་དེ་བྱུང་ནས་ད་ཆ་མི་ལོ་ཧྲིལ་བོ་༣༢་འཁོར་ཡོད་ཀྱང་རྒྱ་ནག་ཏུ་ད་དུང་ཡང་དམངས་གཙོ་དར་སྤེལ་ཐུབ་མེད་པར་མ་ཟད། དམར་ཕྱོགས་ཚོགས་པས་དབང་ཆ་མུ་མཐུད་བཟུང་ནས་གནས་སྟངས་ཇེ་སྡུག་ཏུ་སོང་ཡོད་པ་སོགས་འགྲེལ་བརྗོད་གནང་གི་འདུག
ཡང་ལས་འགུལ་དེ་བྱུང་སྐབས་བོད་ནང་གནས་བཞུགས་ཆབ་སྲིད་བཙོན་ཟུར་གྲྭ་ངག་དབང་འོད་འབར་ལགས་ནས། སྐབས་དེར་བོད་ལྗོངས་སློབ་གྲྭ་ཆེན་མོའི་སློབ་ཕྲུག་ཚོས་ཀྱང་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་སྤེལ་གནང་ཡོད་པ་དང་དུས་མཚུངས་སུ། སློབ་ཕྲུག་གི་ལས་འགུལ་ལམ་འགྲོ་དང་རྒྱ་ནག་མང་གཙོ་ལ་བསྒྱུར་ཐུབ་པར་བོད་མི་ཚོས་རེ་བ་ཤུགས་ཆེ་གནང་ཡོད་ཁར། བོད་རང་དབང་རང་བཙན་གྱི་ཆེད་བོད་མི་ཚོས་ཀྱང་ཉིན་རེ་བཞིན་ལྷ་སའི་ནང་སྐབས་དེ་བཞིན་ལས་འགུལ་འགྲོ་བཞིན་པ་ཡིན་ནའང་། རྒྱ་ནག་གི་དྲག་གནོན་ཤུགས་ཆེ་ཐག་ཆོད་ནས་ད་བར་གནས་སྟངས་དེ་མུར་ལྷག་པ་མ་ཟད། སློབ་ཕྲུག་ཚོའི་རེ་བ་མ་འགྲུབ་པ་དང་ལས་འགུལ་རྒྱུན་བསྐྱང་མ་ཐུབ་པ་རེད་ཅེས་འགྲེལ་བརྗོད་གནང་ཡོད།
དེ་བཞིན་སྐབས་དེར་བོད་ལྗོངས་སློབ་གྲྭ་ཆེན་མོའི་སློབ་ཕྲུག་ཡིན་པ་ཐེ་ཝན་དུ་གནས་བཞུགས་བསོད་རྡོར་ལགས་ནས། བོད་ལྗོངས་སློབ་ཆེན་ནང་སྡེ་ཚན་མི་འདྲ་བ་བདུན་ཡོད་པ་ལས་བོད་པ་གཙང་མ་ཡིན་པ་བོད་ཡིག་སྡེ་ཚན་དང་། བོད་སྨན་ཚན་ཁག་གཉིས་ཡིན་པ་དང་། སྡེ་ཚན་གཞན་དག་ཚོ་ནི་རྒྱ་རིགས་སློབ་ཕྲུག་རྐྱང་ཡིན་པར་བརྟེན། དམངས་གཙོའི་ལས་འགུལ་ལ་གདུང་སེམས་མཉམ་བསྐྱེད་གནང་སྐབས། རྒྱ་རིགས་སློབ་ཕྲུག་ཚོས་དང་པོ་ནས་བོད་པ་སློབ་ཕྲུག་ཚོར། ལས་འགུལ་དེའི་སྐབས་བོད་དོན་དང་འབྲེལ་བའི་འབོད་ཚིག་བསྒྲགས་མི་ཆོག་ཅེས་ལབ་པར་བརྟེན། བོད་པ་སློབ་ཕྲུག་ཚོ་ལས་འགུལ་དེའི་ནང་མཉམ་ཞུགས་གནང་མེད་པར་གཙོ་ཆེར་རྒྱ་རིགས་སློབ་ཕྲུག་གིས་གདུང་སེམས་མཉམ་བསྐྱེད་བྱས་ཡོད་པ་དང་། རྒྱ་ནག་གཞུང་གིས་དམ་དྲག་ལ་བརྟེན་ནས་ལོ་༣༢རིང་རྒྱ་ནག་ནང་ལས་འགུལ་དེ་ལ་དྲན་གསོ་གནང་ཐུབ་ཀྱི་མེད་ནའང་། ཕྱི་རྒྱལ་གྱི་རྒྱ་མི་རིགས་ཡོད་པའི་སྤྱི་ཚོགས་ཁག་ཏུ་དྲན་གསོའི་ལས་འགུལ་སྤེལ་བཞིན་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་བྱུང་།

000_ARP2152227.jpg
རྒྱ་ནག་གི་དྲུག་བཞི་གནམ་བདེ་སྒོ་མོ་ཆེའི་དོན་རྐྱེན་དུ་འབོད་པའི་དམངས་གཙོའི་ལས་འགུལ་དེ་ནི། སྤྱི་ལོ་༡༩༨༩་ལོར་རྒྱ་ནག་དམར་ཕྱོགས་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་དང་བཅོས་བསྒྱུར་གྱི་དགོངས་པ་ཤུགས་ཆེ་བཞེས་མཁན། སྐུ་ཞབས་ཧུ་ཡོ་པང་འདས་གྲོངས་སུ་གྱུར་པར་སློབ་ཕྲུག་དང་མི་མང་གིས་མྱ་ངན་ཞུས་ཆེད་གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་དུ་འདུ་འཛོམས་གནང་བ་ཁག། རིམ་པས་མང་གཙོ་དང་རང་དབང་གི་ལས་འགུལ་གྱི་ངོ་བོ་ལ་འཕོས་ཏེ་སློབ་ཕྲུག་དང་མི་མང་ས་ཡ་གཅིག་ལྷག་འདུ་འཛོམས་ཀྱིས་ལས་འགུལ་སྤེལ་ཡོད་ནའང་། སྤྱི་ཟླ་༦་པའི་ཚེས་༤་ཉིན་རྒྱ་ནག་མགོ་ཁྲིད་ཏིང་ཞོ་ཕེང་གིས་བཀོད་བྱུས་བཏང་ནས་པེ་ཅིང་དུ་དྲག་པོའི་དམག་ཁྲིམས་བསྡམས་པ་མ་ཟད། སློབ་ཕྲུག་དང་མི་མང་སྟོང་ཕྲག་ཁ་ཤས་དམར་གསོད་དང་འཛིན་བཟུང་བཙོན་འཇུག རྨས་སྐྱོན་ཚབས་ཆེན་བཟོས་པ་སོགས་དྲག་གནོན་བྱས་པ་བརྒྱུད། ལས་འགུལ་དེ་རྩ་བ་ནས་གཏོར་ཕམ་བཏང་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།