འཆལ་སེལ་ལོག་རྡུང་ལ་ཁ་གཡར་ནས་བོད་མི་ཚོའི་སྨྲ་བརྗོད་རང་དབང་ལ་དམ་དྲག

2020-04-03
གློག་འཕྲིན།
མཆན།
Share
པར་བཀོད།
ལྷ་སའི་གཙུག་ལག་ཁང་གི་མདུན། ༢༠༡༣།༣
ལྷ་སའི་གཙུག་ལག་ཁང་གི་མདུན། ༢༠༡༣།༣
བོད་འབྱོར

རྒྱ་ནག་གཞུང་གིས་འཆལ་སེལ་ལོག་རྡུང་ལས་དོན་ཟེར་བར་ཁ་གཡར་ནས་བོད་མི་ཚོའི་སྨྲ་བརྗོད་རང་དབང་ལ་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་པ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་བརྗོད་འདུག
སྤྱི་ཟླ་༤་པའི་ཚེས་༡་རེས་གཟའ་ལྷག་པའི་ཉིན། རྒྱ་ནག་གཞུང་གིས་ཀྲུང་གོ་བོད་ཀྱི་གསར་འགྱུར་ཟེར་བར། བོད་རང་སྐྱོང་ལྗོངས་སུ་“འཆལ་སེལ་ལོག་རྡུང་”་ཞེས་འཆལ་གཏམ་དང་ཁྲིམས་འགལ་བྱ་སྤྱོད་རིགས་ཐེར་འདོན་བྱེད་མཁན་ཚོར་བྱ་དགའ་སྤྲོད་རྒྱུ་ཡིན་ཞེས་བརྡ་ཐོ་དོན་ཚན་བཅུ་བདུན་ཅན་ཞིག་ཕྱིར་བསྒྲགས་བྱས་འདུག་པའི་ནང་དུ། “བོད་ཁུལ་ཆེན་མོ”དང“ཚད་མཐོའི་རང་སྐྱོང”“དབུ་མའི་ལམ”སོགས་འུད་སྒྲོག་བྱས་ནས་རྒྱལ་ཁབ་གཅིག་གྱུར་གྱི་བདག་དབང་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་དང་། ཆོས་ལོག་དང་རྨོངས་དད་རིགས་འུད་སྒྲོག་བྱེད་པའི་བྱ་སྤྱོད། དེ་བཞིན་ཁྲིམས་འགལ་ངང་བོད་རང་བཙན་ཟེར་བའི་ངོ་རྒོལ་དང་དངོས་པོ་རྒྱལ་ནང་དུ་ཁུར་ཡོང་བ་དང་བསྐུར་བ་སོགས་ཁྲིམས་འགལ་བྱེད་མཁན་རྣམས་ཐེར་འདོན་བྱེད་མཁན་ཚོར་གནས་སྟངས་ལ་གཞིགས་ནས་བྱ་དགའ་རྒྱ་ནག་མི་དམངས་ཤོག་སྒོར་༡༠༠༠་ནས་ཁྲི་གཅིག་བར་སྤྲོད་རྒྱུ་ཡིན་ཞེས་བཀོད་འདུག
དེའི་ཐད་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་ཕྱི་དྲིལ་དྲུང་ཆེ་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྗོད་ན། རྒྱ་ནག་གཞུང་གིས་ད་ཐེངས་“འཆལ་སེལ་ལོག་རྡུང་”་ལས་དོན་ཚོགས་ཆུང་ཟེར་བ་འདི་ནི། དོན་དངོས་ཐོག་བོད་མི་རང་ཉིད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་བཅས་སྲུང་སྐྱོབ་བྱེད་པར་འཇིགས་སྣང་དང་དོགས་པ་སྐྱེས་དགོས་པའི་ཁོར་ཡུག་ཤིག་བསྐྲུན་རྒྱུའི་ཆེད་དུ་ཡིན་པ་མ་ཟད། ཁྲིམས་གཞི་དེའི་རྐྱེན་གྱིས་བོད་ལ་སེམས་ཤུགས་དང་ལྷག་བསམ་ལྡན་པའི་བོད་མི་རྣམས་འཛིན་བཟུང་བྱ་རྒྱུ་ལས་སླ་རུ་བཏང་བ་ཡིན་པ་འགྲེལ་བརྗོད་གནང་སོང་།
ཡང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་དགྲ་ལྷ་ལགས་ཀྱིས། གོང་ཞུས་ཁྲིམས་གཞི་འདི་ལྟ་བུ་ནི་གསར་པ་གང་ཡང་མིན་པར་དེ་སྔ་ནས་བོད་ནང་རྒྱ་ནག་གཞུང་གིས་བོད་མི་ཚོ་ལས་སླ་པོའི་ངང་དབང་བསྒྱུར་བྱེད་རྒྱུའི་ཆེད་ཁྲིམས་གཞི་དེ་འདྲ་ལག་བསྟར་བྱས་ཡོད་པ་མ་ཟད། ལྷག་པར་དུ་རྒྱ་ནག་གཞུང་གིས་འཆལ་གཏམ་དང་ཁྲིམས་འགལ་བྱ་སྤྱོད་རིགས་ཐེར་འདོན་བྱེད་མཁན་ཚོར་བྱ་དགའ་སྤྲོད་རྒྱུ་ཡིན་ལུགས་ཀྱི་ལས་གཞི་དེ་ཡིས་བོད་མི་ནང་ཁུལ་དབར་དེ་སྔ་མེད་པའི་འཁོན་འཛིན་དང་ཕན་ཚུན་ཡིད་ཆེས་དཀའ་བའི་གནས་སུ་འགྱུར་སྲིད་པ་རེད་ཅེས་འགྲེལ་བརྗོད་གནང་གི་འདུག
གཞན་ཡང་གོང་ཞུས་སྲིད་བྱུས་དེ་ནི་སྤྱི་ལོ་༢༠༠༠ལོར་“འཆལ་བཟོ་འཆལ་འགྲེམས་”ཞེས་ཁྲིམས་འགལ་དཔེ་སྐྲུན་བྱེད་སྒོ་ཐེར་འདོན་བྱས་ནས་བྱས་རྗེས་འཇོག་མཁན་ལ་བྱ་དགའ་སྤྲོད་ཐབས་ཞེས་ལག་བསྟར་བྱས་ཡིན་འདུག་པ་དང་། དེ་ནས་སྤྱི་ལོ་༢༠༡༩་ལོའི་སྤྱི་ཟླ་༩་པའི་ཚེས་༡༢་ཉིན་ནས་བཟུང་“འཆལ་སེལ་ལོག་རྡུང་”ཟེར་བའི་ཁྲིམས་གཞི་དེ་ལག་བསྟར་བྱེད་འགོ་ཚུགས་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།