གསེར་རྟ་ཆོས་སྒར་ཆེད་འཛམ་གླིང་གང་སར་ངོ་རྒོལ་བྱས་འདུག


2016-10-21
Share
གསེར་རྟ་ཆོས་སྒར་ཆེད་ནེའུ་ཡོག་ལ་ངོ་རྒོལ་ལས་འགུལ། ༢༠༡༦།༡༠།༡༩ གསེར་རྟ་ཆོས་སྒར་ཆེད་ནེའུ་ཡོག་ལ་ངོ་རྒོལ་ལས་འགུལ། ༢༠༡༦།༡༠།༡༩
SFT

གསེར་རྟ་བླ་རུང་ཆོས་སྒར་གཏོར་བཤིག་གཏོང་བཞིན་པ་དེ་རྒྱ་ནག་གཞུང་གི་རྩ་ཁྲིམས་ནང་གི་ཆོས་དད་རང་མོས་དང་འགལ་ཡོད་སྐོར་ཨ་རིའི་གྲོས་ཚོགས་ཀྱི་འགྲོ་བ་མའི་ཐོབ་ཐང་ཚོགས་ཆུང་གིས་གསུངས་འདུག
དེ་ཡང་ཕྱི་ཚེས་༡༩་ཉིན་ཨ་རིའི་Tom Lantos་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གིས་ཨ་རིའི་ནང་གི་རྒྱ་ནག་གཞུང་ཚབ་ཁང་ལ་ཞུ་ཡིག་ཅིག་ཕུལ་ཡོད་པའི་ནང་། རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་གཏོར་བཤིག་གཏོང་བཞིན་པ་དེ་མྱུར་དུ་མཚམས་འཇོག་དགོས་པ་དང་།  བྱེད་སྟངས་དེ་རིགས་ནི་བོད་མིའི་ཆོས་དད་རང་དབང་ལ་རྡོག་རོལ་བཏང་བ་ཞིག་ཡིན་པ་གསལ་པོར་མཚོན་པ་དང་ལྷག་པར་རྒྱ་ནག་གཞུང་གི་རྩ་ཁྲིམས་ནང་ཡོད་པའི་ཆོས་དད་རང་མོས་དང་འགལ་ཡོད་སྐོར་བཀོད་འདུག
སྤྱིར་རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་གྱི་གྲ་ཤག་གཏོར་བཤིག་བྱེད་དགོས་དོན་ནི་ཚང་ཁ་ཆེ་དྲག་པ་དང་། མེ་སྐྱོན་ཡོད་སྐོར་བརྗོད་ཀྱི་ཡོད་པས། ངོ་མས་དེ་ལྟར་ཡིན་ན། གཏོར་བཤིག་གི་ཚབ་ཏུ་འབྲེལ་ཡོད་ཁག་ལ་གོ་བསྡུར་གྱིས་དགོན་པ་གསར་རྒྱག་དང་། ད་ཡོད་ཀྱི་གྲ་ཤག་དེ་ཚོར་མེ་སྐྱོན་མི་ཡོང་བའི་སྔོན་འགོག་བྱས་ན་འགྲིག་གི་རེད།
རྒྱལ་སྤྱིའི་འགྲོ་བ་མིའི་ཡོངས་ཁྱབ་ཐོབ་ཐང་དང་། རྒྱ་ནག་གི་རྩ་ཁྲིམས་དོན་ཚན་༣༦་ནང་། ཆོས་དད་རང་མོས་ཡིན་པ་ངོས་འཛིན་བྱས་ཡོད། འོན་ཀྱང་བླ་རུང་སྒར་ནས་གྲ་བཙུན་ཕྱིར་ཕུད་དང་། ཕྱིར་སོ་སོའི་ཕ་ཡུལ་ལ་འབྱོར་རྗེས་ས་གནས་ཀྱི་དགོན་པར་ཡང་ཞུགས་མ་བཅུག་པ་སོགས་ཀྱི་བྱ་སྤྱོད་དེ་རིགས་ནི་རྒྱ་ནག་དབུས་གཞུང་གིས་ཞིབ་འཇུག་བྱེད་དགོས་པའི་གནད་དོན་ཞིག་ཆགས་ཀྱི་ཡོད་སྐོར་བཀོད་འདུག།
ཨ་རིའི་གྲོས་ཚོགས་འཐུས་མི་James Mcgovern་དང་སྐུ་ཞབས་Josheph Pitts་རྣམ་གཉིས་ཀྱི་མཚན་རྟགས་འཁོད་པའི་ཞུ་ཡིག་དེའི་ནང་། ཨ་རིའི་Tom Lantos་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ངོས་ནས་གསེར་རྟ་སྒར་གྱི་གནས་སྟངས་ཐད་མུ་མཐུད་རྟོགས་ཞིབ་བྱ་རྒྱུ་ཡིན་པ་དང་། བོད་མི་དང་རྒྱ་ནག་མི་མང་གི་ཆོས་དད་རང་དབང་སྲུང་སྐྱོབ་བྱ་རྒྱུ་དེ་ནི་ཨ་རིའི་གཞུང་དང་མི་མང་གིས་གཙིགས་ཆེར་འཛིན་པའི་ལས་འགན་ཞིག་ཀྱང་ཡིན་པ་འཁོད་འདུག
དེ་བཞིན་ཚེས་༡༩་རེས་གཟའ་ལྷག་པའི་ཉིན། རྒྱ་གར་གཙོས་ཨ་རི་དང་། དབྱིན་ཡུལ། ཁེ་ན་ཊ། ཡོ་རོབ་སོགས་འཛམ་གླིང་གི་ཡུལ་གྲུ་གང་སར་ཡོད་པའི་བོད་རང་དབང་སློབ་ཕྲུག་ཚོགས་པས་སྣེ་ཁྲིད་ནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་རྒྱལ་སྤྱིའི་ནང་ཉིན་གཅིག་དུས་གཅིག་ལ་རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་གྱི་གྲྭ་ཤག་གཏོར་ནས་གྲྭ་བཙུན་ཕྱིར་ཕུད་བྱེད་བཞིན་པའི་བྱ་སྤྱོད་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་རེད།
བོད་རང་དབང་སློབ་ཕྲུག་ཚོགས་པས། ངོ་རྒོལ་ལས་འགུལ་བ་ཚོས་མང་ཚོགས་འདུ་འཛོམས་སར་གསེར་རྟ་བླ་རུང་སྒར་གྱི་གྲྭ་ཤག་གཏོར་བཤིག་གི་བྱ་སྤྱོད་ཐོག་ངོ་རྒོལ་གྱི་གཏམ་བཤད་གནང་བ་མ་ཟད། གསེར་རྟ་བླ་རུང་སྒར་གྱི་གྲྭ་ཤག་གཏོར་བཤིག་གཏོང་བའི་འདྲ་པར་མང་པོ་ར་སྤྲོད་གནང་ཡོད་པ་རེད།

གསར་འགོད་པ་བསོད་ནམས་ལྷ་མོ་དང་ཉི་མ་གཡུ་སྒྲོན།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།