རྒྱ་ནག་ཏུ་ཨ་རི་བ་ཞིག་ལ་ཉེས་འཛུགས་ཁྲིམས་བཅད།

རྒྱ་ནག་ནས་ཡིན་པའི་ཨ་རིའི་ས་ཁམས་རིག་པ་བ་ཞིག་ལ་རྒྱལ་ཁབ་ཀྱི་གསང་བའི་རྐུ་འཁྱེར་བྱས་པའི་ནག་ཉེས་འོག་ལོ་བརྒྱད་ཀྱི་བཙོན་འཇུག།

2011-02-18
Share

༄༅༎དེ་རིང་རེས་གཟའ་པ་སངས་ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་ཁྲིམས་ཁང་ནས་སྐྱེས་ཁུངས་རྒྱ་ནག་ཡིན་པའི་ཨ་རིའི་ས་ཁམས་རིག་པ་བ་ཞིག་ལ་རྒྱལ་ཁབ་ཀྱི་གསང་བའི་རྐུ་འཁྱེར་བྱས་པའི་ནག་ཉེས་ཉེས་འཛུགས་དང་མི་ལོ་བརྒྱད་ཀྱི་བཙོན་འཇུག་ཉེས་ཆད་ཐག་གཅོད་བྱས་ཡོད་པ་རེད།

དེ་ཡང་པེ་ཅིང་མཐོ་རིམ་ཁྲིམས་ཁང་ནས་ཨ་རིའི་ས་ཁམས་རིག་པ་བ་ཤུའེ་ཕེང་ལ་ཉན་ཞིབ་བྱས་པའི་རྗེས། རྒྱ་ནག་ཏུ་ཡོད་པའི་ཨ་རིའི་གཞུང་ཚབ་པ་སྐུ་ཞབས་ཇོན་ཧན་སི་མན་གྱིས་ཤུའེ་ཕེང་གློད་འགྲོལ་ཡོང་བར་རྒྱ་ནག་གཞུང་ལ་ཛ་དྲག་གི་འབོད་སྐུལ་གནང་ཡོད་ཅིང༌། ཁོང་གིས་གསར་འགོད་པར་གསུང་དོན། ང་ཚོས་རྒྱ་ནག་གཞུང་ལ་མི་ཆོས་རིང་ལུགས་ཀྱི་བསམ་ཞིབ་བྱས་པའི་ཐོག་ནས་གློད་འགྲོལ་ཡོང་བའི་འབོད་སྐུལ་བྱས་པ་ཡིན། ང་ཚོར་ཁྲིམས་ཁང་གི་ཐག་གཅོད་དེར་ཧ་ཅང་གི་བློ་ཕམ་བྱུང༌ལ་ཤུའེ་ཕེང་ལ་ཉན་ཞིབ་བྱས་པའི་རྗེས་ཁྱུག་ཙམ་ངོ་ཐུག་བྱུང་བའི་སྐབས་ལའང་ཁྲིམས་ཁང་གི་ཐག་གཅོད་ལ་བློ་ཕམ་བྱུང་བའི་གནས་ཚུལ་བཤད་རྒྱུ་བྱུང༌ཞེས་གསུང་ཡོད་པ་རེད། ཡིན་ནའང་པེ་ཅིང་ཁྲིམས་ཁང་ནས་ཤུའེ་ཕེང་གི་ཁྲིམས་ཐག་བཅད་པའི་གནས་ཚུལ་གཞུང་འབྲེལ་གྱི་གསལ་བསྒྲགས་སྤེལ་མེད་པ་དང༌། ཨ་མི་རི་ཀའི་ཕྱོགས་ནས་སུའེ་ཕེང་གི་གནས་བབ་ཡང་སེ་གླེང་སློང་གནང་སྟེ། ཁོང་གི་ཐོབ་ཐང་སྲུང་སྐྱོབ་དང་ཁྲིམས་བཤེར་དྲང་བདེན་ཞིག་ཡོང་རྒྱུའི་འབད་བརྩོན་གནང་ཡོད་པ་མ་ཟད། ཁོང་གློད་འགྲོལ་གཏོང་དགོས་པའི་འབོད་སྐུལ་ཡང་ཡང་སེ་གནང་མྱོང་བའི་ཁར། ཉེ་ཆར་རྒྱ་ནག་གི་སྲིད་འཛིན་ཧུའུ་ཇིན་ཐའོ་རྒྱལ་ས་ལྦ་ཤིང་ཀྲོན་དུ་འཚམས་འདྲིར་སླེབས་པའི་སྐབས། སྲིད་འཛིན་ཨོ་སྦ་མ་ཡིས། ཤུའེ་ཕེང་གི་སྐོར་གླེང་སློང་གནང་ཡོད་པ་རེད། ལོ་ན་༤༦་ལ་སླེབས་པའི་སྐྱེས་ཁུངས་རྒྱ་ནག་ཡིན་པ་ལ་ཨ་རིའི་མི་སེར་ཡིན་པ་ཤུའེ་ཕེང་ནི། ཨ་རིའི་ནང་སྒེར་གྱི་ཚོང་ལས་ཁང་ཞིག་ཏུ་ལས་ཀ་བྱེད་ཀྱི་ཡོད་པ་དང༌། ཁོང་དེ་སྔོན་ཨ་རིའི་ནུས་ཤུགས་དང་འཕྲུལ་ཆས་འཆར་འགོད་ཀྱི་སློབ་སྟོན་ཚན་པའི་ནང་ལས་ཀ་བྱེད་པའི་སྐབས་རྒྱ་ནག་གཞུང་གིས་རྒྱ་ནག་གི་རྡོ་སྣུམ་གྱི་གསང་བའི་ཡིག་ཆ་བཙོང་པའི་ཉེས་འཛུགས་ཀྱིས་ཐེངས་དང་པོ་༢༠༠༧ལོར་འཛིན་བཟུང་བྱས་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།