རྒྱ་ནག་ནང་ཕྱིའི་རྒྱལ་ཁབ་ཀྱི་བཟོ་གྲྭར་བཟོ་ཚོགས་དགོས་སྐོར།

རྒྱ་ནག་ནང་ཕྱིའི་རྒྱལ་ཁབ་ཀྱི་ཚོང་ལས་གཉེར་མཁན་ཚོས་ལས་བཟོ་པའི་ཚོགས་པ་གསར་འཛུགས་བྱ་དགོས་པའི་སྐོར་བསྐྱར་ཏུ་ནན་བརྗོད་བྱས་པ།
2008-12-26
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎རྒྱ་ནག་གཞུང་གིས་རྒྱ་ནག་ནང་ཕྱིའི་རྒྱལ་ཁབ་ཀྱི་བཟོ་གྲྭ་བཙུགས་ཏེ་ཚོང་ལས་གཉེར་མཁན་ཚོས་རྒྱ་མིའི་བཟོ་པ་ཚོར་ཐོབ་ཐང་རྩོད་ལེན་བྱ་རྒྱུར་དམིགས་པའི་ལས་བཟོ་པའི་ཚོགས་པ་གསར་འཛུགས་བྱ་དགོས་པའི་སྐོར་བསྐྱར་ཏུ་ནན་བརྗོད་བྱས་ཡོད་པ་རེད།

དེ་རིང་རྒྱ་ནག་ཉིན་རེའི་གསར་པར་ཐོག་ལ་རྒྱ་ནག་རྒྱལ་ཡོངས་ཀྱི་བཟོ་ཚོགས་འགོ་ཁྲིད་ཀུའོ་ལྦེན་ཚའེ་ཡིས་བཤད་པ་ལུང་འདྲེན་བྱས་དོན་ལ་སྐད་གྲགས་ཆེ་བའི་ཕྱི་རྒྱལ་གྱི་བཟོ་གྲྭ་ལྔ་བརྒྱ་ནང་ནས་བཟོ་གྲྭ་བཞི་རྒྱ་བརྒྱད་ཅུ་གྱ་གསུམ་རྒྱ་ནག་ནང་བཙུགས་པ་མ་ཟད་དེའི་ནང་ནས་བཟོ་གྲྭ་སུམ་རྒྱ་ལྔ་ཅུ་ང་བདུན་ཡིས་ས་གནས་ཀྱི་ལས་ཁུངས་ཨ་མ་རྒྱ་ནག་ཏུ་བཙུགས་ཡོད་པ་ཚོས་ཕྱི་ཟླ་བཅུ་པའི་གོང་དུ་བཟོ་གྲྭ་སོ་སོའི་ལས་བཟོ་བ་ཚོར་བཟོ་པའི་ཐོབ་ཐང་རྩོད་ལེན་བྱེད་ཆོག་པའི་བཟོ་ཚོགས་གསར་འཛུགས་བྱེད་དུ་བཅུག་དགོས་པ་དང་ཕྱི་རྒྱལ་གྱི་བཟོ་གྲྭའི་བདག་པོ་དེ་དག་གིས་རང་ཉིད་ཀྱི་རྒྱལ་ཁབ་ནང་བཟོ་གྲྭ་བཙུགས་པའི་སྐབས་བཟོ་པ་ཚོར་བཟོ་ཚོགས་བཙུགས་ཏུ་བཅུག་པ་དང་ཡིན་ནའང་རྒྱ་ནག་ཏུ་བཟོ་གྲྭ་བཙུགས་པའི་སྐབས་ལ་བཟོ་ཚོགས་བཙུགས་ཏུ་མ་བཅུག་པའི་རྒྱབ་མདུན་གྱི་ལས་ཀ་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་བྱས་ཡོད་པ་རེད། རྒྱ་ནག་ནང་དུ་ཕྱི་རྒྱལ་གྱི་སྐད་གྲགས་ཆེ་བའི་ཨ་མི་རི་ཀ་དང་ཉི་ཧོང་གི་བཟོ་གྲྭ་སོགས་ཡོད་ཅིང་གང་ལྟར་རྒྱ་ནག་ནང་བཟོ་གྲྭ་དེ་དག་གིས་ཇི་ཙམ་གནས་པ་དེ་སྲིད་བར་དུ་བཟོ་པ་ཚོར་བཟོ་ཚོགས་འཛུགས་དགོས་པ་ནི་རྒྱ་ནག་གི་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཆ་ཤས་ཡིན་པ་དང་དེ་བརྟེན་བཟོ་པ་ཚོར་ཐོབ་ཐང་སྤྲོད་རྒྱུ་དང་ཁོང་ཚོའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ཆེད་དུ་བཟོ་པ་ཚོར་ངེས་པར་དུ་བཟོ་ཚོགས་འཛུགས་བཅུག་དགོས་ཀྱི་རེད་ཅེས་བཤད་ཡོད་པ་རེད། ཡིན་ནའང་རྒྱ་ནག་ནང་ཡོད་པའི་ཨ་མི་རི་ཀའི་སྐད་གྲགས་ཅན་གྱི་བཟོ་གྲྭ་དང་ཉི་ཧོང་གི་བཟོ་གྲྭ་ཚོས་ད་ལྟའི་ཆར་རྒྱ་ནག་གཞུང་གིས་བཤད་པའི་སྐད་ཆར་དེར་དེ་བྱེད་རྩི་མིན་གྱི་ལན་འདེབས་གང་ཡང་བྱས་མེད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།