རྒྱ་ནག་གནམ་གྲུས་རྒྱ་གར་གྱི་མཁའ་ཐོག་ཁྲིམས་འགལ་འཕུར་བསྐྱོད་།

ཉེ་ཆར་རྒྱ་ནག་གིས་རྒྱ་གར་གྱི་མཁའ་དབྱིངས་སུ་ཁྲིམས་འགལ་འཕུར་བསྐྱོད་ཐེངས་གཉིས་བྱས་པ་དེའི་ཐོག་རྒྱ་གར་གྱིས་བརྡ་ལན་གནང་འདུག

2012.05.02

༄༅༎ཕྱི་ཟླ་གསུམ་པའི་ནང་རྒྱ་ནག་གིས་རྒྱ་གར་གྱི་མཁའ་དབྱིངས་སུ་ཁྲིམས་འགལ་འཕུར་བསྐྱོད་ཐེངས་གཉིས་བྱས་ཡོད་པ་དང༌། རྒྱ་གར་གྱིས་་རྒྱལ་ཁབ་གཉིས་དབར་ཞི་བདེ་ལྷིང་འཇགས་རྒྱུན་འཁྱོངས་ཡོང་སླད་རྒྱ་ནག་གཞུང་ལ་གནད་དོན་དེའི་སྐོར་བརྡ་ལན་གནང་ཡོད་ལུགས་རྒྱ་གར་གྱི་རྒྱལ་སྲུང་བློན་ཆེན་གྱིས་དེ་རིང་གསུངས་བཞག།
འདི་ལོ་ཕྱི་ཟླ་༣པའི་ཚེས་༡༦དང་༡༩གཉིས་ཁག་སོ་སོར་ རྒྱ་ནག་གི་ཐད་འཕུར་གནམ་གྲུས་རྒྱ་གར་གྱི་མཁའ་དབྱིངས་ནང་ཁྲིམས་འགལ་འཛུལ་ཡོད་པའི་སྐོར་རྒྱ་གར་གྱི་རྒྱལ་སྲུང་བློན་ཆེན་ཨེ་ཀེ་ཨེན་ཐོ་ནི་ཡིས་གྲོས་ཚོགས་སར་གསུངས་ཡོད་ཅིང༌། དེའང་ཐེངས་དང་པོ་དེ་རྒྱ་མིའི་ཐད་འཕུར་གནམ་གྲུ་གཉིས་ཀྱིས་རྒྱ་གར་གྱི་དམག་མི་འགྲེམས་འཇོག་བྱ་ཡུལ་ས་མཚམས་བརྒལ་ནས་འཕུར་བསྐྱོད་བྱས་ཡོད་པ་གསལ་སྟོན་གནང་བཞག།
རྒྱ་གར་གྱི་མཁའ་ཐོག་རྒྱ་མིའི་གནམ་གྲུ་འཛུལ་ཞུགས་བྱས་པ་ཐེངས་གཉིས་ཀ་ཧི་མ་ཅལ་པར་དེ་ཤི་མངའ་སྡེའི་རི་ཁུལ་ས་གནས་བོད་དང་ས་མཚམས་འཁེལ་སའི་ས་ཁུལ་ནང་བྱུང་ཡོད་སྐོར་ རྒྱ་གར་གྱི་རྒྱལ་སྲུང་བློན་ཆེན་ཨེ་ཀེ་ཨེན་ཐོ་ནི་ཡིས་རྒྱ་གར་གྲོས་ཚོགས་གོང་མའི་ནང་གསུང་འདུག། རྒྱ་ནག་གིས་རྒྱ་གར་གྱི་མཁའ་དབྱིངས་ནང་ཁྲིམས་འགལ་འཛུལ་ཞུགས་བྱས་པའི་་གནད་དོན་དེའི་སྐོར་རྒྱ་ནག་གི་དཔོན་རིགས་ལ་ཁ་པར་ཐོག་བརྡ་ལན་གནང་ཡོད་པ་མ་ཚད། ཕྱོགས་གཉིས་དབར་ས་མཚམས་མི་སྣའི་ཚོགས་འདུ་དང་ཕྱི་འབྲེལ་དཔོན་རིགས་དབར་འབྲེལ་གཏུགས་གནང་སྐབས་བརྡ་ལན་གསལ་པོ་གནང་ཡོད་པའི་སྐོར་ རྒྱ་གར་གྱི་རྒྱལ་སྲུང་བློན་ཆེན་གྱིས་འགྲེལ་བརྗོད་གནང་འདུག།
རྒྱ་ནག་གིས་རྒྱ་གར་གྱི་ས་མཚམས་རྒྱུད་དྲག་པོའི་དམག་དོན་གྱི་རྨང་གཞིའི་འཛུགས་སྐྲུན་ཤུགས་ཆེ་བྱེད་བཞིན་ཡོད་པ་དེས་རྒྱ་གར་ལ་བློ་འཚབ་ཆེན་པོ་བཟོ་གི་ཡོད་པ་མ་ཚད། ཕུགས་སུ་རྒྱ་གར་གྱི་བདེ་འཇགས་ལ་ཁྱིམ་མཚེས་ པ་ཀིསི་ཐན་ལས་རྒྱ་ནག་གིས་ཉེན་ཁ་ཆེ་བ་བཟོ་གི་ཡོད་པར་རྒྱ་གར་གྱིས་དེང་སྐབས་ངོས་འཛིན་གནང་བཞིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎