རྒྱ་ནག་གིས་རང་བཙན་བཀའ་མོལ་མི་འདོད་པ།

རྒྱ་ནག་གཞུང་གིས་༸གོང་ས་མཆོག་ལ་བོད་རང་བཙན་གྱི་དགོངས་ཚུལ་མཚམས་འཇོག་གནང་ན་བཀའ་མོལ་མུ་མཐུད་ཞུ་རྒྱུ་ཡིན་པ་གསུངས་འདུག

༄༅༎ད་རིང་རྒྱ་ནག་གཞུང་གིས་བོད་ཀྱི་གནད་དོན་ཐད་བཀའ་མོལ་མུ་མཐུད་བྱ་རྒྱུར་ངེས་པར་དུ་ཏཱ་ལའི་བླ་མའི་ཕྱོགས་ནས་བོད་རང་བཙན་གྱི་དགོངས་ཚུལ་མཚམས་འཇོག་གནང་སྟེ། རྒྱ་ནག་ཕྱོགས་ལ་ལྷག་བསམ་རྣམ་དག་གི་ཡིད་ཆེས་སྐྲུན་གནང་དགོས་པའི་སྐོར་བཤད་ཡོད་པ་རེད། དེ་ཡང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ ཆིང་ཀང  ་གིས་ད་རེས་ཀྱི་འབྲེལ་ལམ་དེ་འགོ་བཙུགས་བྱས་པ་ཞིག་ཡིན་པ་ནན་བརྗོད་བྱེད་གི་ཡོད། རྒྱ་ནག་དབུས་གཞུང་ཕྱོགས་ནས་ཏཱ་ལའི་ཕྱོགས་ལ་འཛིན་པའི་འབྲེལ་ལམ་དེ་ནི་ལྷག་བསམ་རྣམ་དག་ཡིན་པ་དང་དེ་བཞིན་ཏཱ་ལའི་ཕྱོགས་ནས་ཀྱང་ལྷག་བསམ་རྣམ་དག་གནང་དགོས་པ་མ་ཟད། དེའི་ནང་ནས་དམིགས་བསལ་ཏྰ་ལའི་ཀུན་སྤྱོད་ངོ་མའི་ཐོག་ནས་ལྷག་བསམ་རྣམ་དག་ཡོད་པའིི་ཡིད་ཆེས་སྐྲུན་ཐབས་འབད་བརྩོན་གནང་པ་ཡིན་ཚེ་འབྲེལ་ལམ་མུ་མཐུད་བྱ་རྒྱུ་ཡིན་པ་བཤད་ཡོད་པ་རེད། དེ་ནི་རྒྱ་ནག་གཞུང་གི་༸གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་ནག་གི་དཔོན་རིགས་བར་གྲོས་མོལ་གནང་བའི་གནད་དོན་ཐོག་ཐད་ཀར་གཏམ་བཤད་སྤེལ་བ་ཐེངས་དང་པོ་ཡིན་ཞིང་། ད་རེས་རྒྱ་ནག་གཞུང་གི་སྐུ་ཚབ་དང་བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་རྣམ་གཉིས་བར་གྱི་འབྲེལ་ལམ་དེ་ནི། བར་ལམ་ཕྱི་ཟླ་གསུམ་པའི་ནང་བོད་ནང་གི་བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་རྔམ་སྟོན་ལས་འགུལ་སྤེལ་བའི་རྗེས་རྒྱ་ནག་གཞུང་གིས་བོད་ནང་དྲག་གནོན་ཚབས་ཆེ་བྱས་པའི་གནས་སྟངས་འོག རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་གཞུང་ལ་༸གོང་ས་མཆོག་དང་ལྷན་དུ་ད་ལྟའི་བོད་ནང་གི་ཛ་དྲག་གི་དཀའ་ངལ་སེལ་ཐབས་བྱ་དགོས་པའི་གནོན་ཤུགས་སྤྲད་པར་བརྟེན་ནས། རྒྱ་ནག་གཞུང་གིས་༸གོང་ས་མཆོག་གི་སྐུ་ཚབ་དང་གྲོས་མོལ་བྱ་རྒྱུར་གདན་ཞུ་ཕུལ་བ་ཞིག་ཡིན་པ་རེད༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org