རྒྱ་ནག་གཞུང་ནས་ལིའུ་ཤའོ་ཕུའུ་ལ་ཁྲིམས་ཞིབ།

ལིའུ་ཤའོ་ཕུའུར་ཁྲིམས་བཤེར་གྱི་ལས་དོན་སྤེལ་སྐབས་རྒྱ་མི་མང་གཙོ་དོན་གཉེར་བ་གཞན་དག་ཁྲིམས་ཁང་གི་ནང་ཡོང་མི་ཆོག་པའི་ཉེན་བརྡ།

2009-12-22
Share

༄༅༎རྒྱ་ནག་གཞུང་གིས་གཟའ་འཁོར་འདིའི་ནང་རྒྱ་རིགས་མང་གཙོ་དོན་གཉེར་བ་གཞུང་དང་ལྟ་བ་མི་མཐུན་མཁན་ལིའུ་ཤའོ་ཕུའུར་ཁྲིམས་བཤེར་གྱི་ལས་དོན་སྤེལ་སྐབས་རྒྱ་མི་མང་གཙོ་དོན་གཉེར་བ་གཞན་དག་ཁྲིམས་ཁང་གི་ནང་ཡོང་མི་ཆོག་པའི་ཉེན་བརྡ་བཏང་འདུག་ལ་ དེ་བཞིན་ཡོ་རོབ་མཐུན་ཚོགས་དང་ཨ་མི་རི་ཀའི་སྐུ་ཚབ་ཀྱང་ཁྲིམས་བཤེར་ལས་དོན་སྤེལ་སྐབས་ཟུར་ཉན་དུ་ཡོང་རྒྱུར་ཆོག་མཆན་སྤྲད་མེད་པ་རེད་འདུག།

དགུང་གྲངས་༥༣ཡིན་པ་རྒྱ་རིགས་མཁས་དབང་སྐུ་ཞབས་ལིའུ་ཤའོ་ཕུའུས་རྒྱ་ནག་ནང་མང་གཙོ་དང་རང་དབང་གི་ཐོབ་ཐང་གོང་འཕེལ་གཏོང་ཐབས་སུ་ཆབ་སྲིད་ཀྱི་བཅོས་བསྒྱུར་དགོས་ཚུལ་སོགས་འཁོད་པའི་ཉིས་སྟོང་བརྒྱད་ཀྱི་རྩ་འཛིན་ཡིག་ཆ་ཟེར་བ་ཞིག་སྔ་ལོ་བཏོན་པར་བརྟེན་ད་བར་ལོ་གཅིག་ལྷག་རིང་རྒྱ་ནག་གཞུང་གིས་ཁོང་འཛིན་བཟུང་བཀག་ཉར་བྱས་ཡོད་པ་དང་གཟའ་འཁོར་སྔོན་མར་རྒྱ་ནག་གཞུང་གིས་ཁོང་ལ་རྒྱལ་ཁབ་ཀྱི་གཞུང་མགོ་རྟིང་སློག་ཐབས་བྱས་པའི་ནག་ཉེས་བཙུགས་ཡོད་པ་རེད།

ལིའུ་ཤའོ་ཕུའུར་གཟའ་ལྷག་པའི་ཉིན་ཁྲིམས་བཤེར་བྱ་རྒྱུའི་གསལ་བསྒྲགས་བྱས་ཤིང་འོན་ཀྱང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོས་རྒྱ་ནག་གཞུང་གིས་ལིའུ་ལ་ཁྲིམས་བཤེར་བྱ་རྒྱུའི་དུས་ཚོད་དེ་ནུབ་ཕྱོགས་སུ་ཡེ་ཤུའི་འཁྲུངས་སྐར་དུས་ཆེན་སྐབས་ཀྱི་བྲེལ་ཟིང་ཆེ་བའི་དུས་ཚོད་འདིའི་སྐབས་བྱ་རྒྱུ་ཐག་གཅོད་བྱས་པ་དེ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་སྣང་མི་འབྱུང་རྒྱུར་དམིགས་པ་ཞིག་ཡིན་པ་བརྗོད་བཞིན་ཡོད་འདུག།

གནམ་བདེ་སྒོ་མོ་ཆེའི་ཨ་མའི་མཐུན་ཚོགས་ཞེས་པ་༨༩ལོའི་སློབ་ཕྲུག་གིས་འགོ་འཁྲིད་པའི་མང་གཙོའི་ལས་འགུལ་སྐབས་བུ་ཕྲུག་དང་སྤུན་ཉེ་རྐྱེན་ལམ་དུ་སོང་བའི་རྗེས་ཤུལ་ཕ་མ་དང་ནང་མི་ལས་གྲུབ་པའི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་ཅན་གྱི་ཚོགས་པ་དེའི་འགོ་འཁྲིད་རྡིང་ཛི་ལིན་གྱིས་རྒྱ་ནག་གཞུང་གི་སྤྱི་བདེ་མི་སྣས་ངོས་རང་ལིའུ་ཤའོ་ཕུའུའི་ཁྲིམས་བཤེར་གྱི་ལས་དོན་སྐབས་ཡོང་ཆོག་རྒྱུ་མིན་པ་གསལ་བརྗོད་བྱུང་བ་འགྲེལ་བརྗོད་གནང་འདུག།

རྡིང་ཛི་ལིན་ནི་ཉིས་སྟོང་བརྒྱད་ཀྱི་རྩ་འཛིན་ཡིག་ཆར་མིང་རྟགས་བཀོད་མཁན་གྲས་ཤིག་ཡིན་ཞིང་ཁོང་ནས་གཞུང་གིས་ལིའུ་ཤའོ་ཕུའུར་ཁྲིམས་བཤེར་བྱ་རྒྱུ་དེ་ནི་དྲང་བདེན་རྩ་བ་ནས་མིན་པ་གསུངས་ཡོད་པ་རེད་ དེ་བཞིན་རྒྱ་ནག་གི་འགོ་འཁྲིད་འདས་པོ་ཀྲའོ་ཙི་ཡང་གི་ལས་བྱེད་པ་གཙོ་བོའི་གྲས་སྦའོ་ཏོང་ལ་ཡང་རྒྱ་ནག་གཞུང་གིས་ཁོང་ལིའུ་ཤའོ་ཕུའུའི་ཁྲིམས་བཤེར་གྱི་ལས་དོན་སྐབས་ཡོང་ཆོག་རྒྱུ་མིན་པ་བརྗོད་འདུག།

སྐུ་ཞབས་སྦའོ་ཏོང་གིས་རྙོག་དྲ་ཆེ་ཤོས་དེ་ཁྲིམས་ཁང་ནས་ཐག་གཅོད་བྱས་པའི་རྗེས་འབྱུང་རྒྱུ་རེད་ གལ་ཏེ་ལིའུ་ཤའོ་ཕུའུ་ནག་ཉེས་པ་ཡིན་པར་ཐག་གཅོད་བྱས་ཚེ་དེས་རྒྱ་ནག་གི་ད་ལྟའི་རྩ་ཁྲིམས་ནང་སྨྲ་བརྗོད་རང་དབང་དང་སོ་སོའི་རྣམ་འགྱུར་བསྟན་པའི་རང་དབང་གི་ཐོབ་ཐང་ཁག་ལ་འགན་སྲུང་བྱ་རྒྱུ་གསལ་བ་དེ་རྫུན་གཏམ་ཡིན་པ་ཆགས་རྒྱུ་རེད་ཅེས་གསུངས་འདུག།

ཡང་རྒྱ་ནག་གཞུང་ཕྱོགས་ནས་ལིའུ་ཤའོ་ཕུའུའི་བཟའ་ཟླ་ཁྲིམས་བཤེར་ལས་དོན་སྐབས་ཀྱི་དཔང་རྟགས་གྲས་ཤིག་ཡིན་སྟབས་ཁྲིམས་བཤེར་སྐབས་ཡོང་ཆོག་རྒྱུ་མིན་ལུགས་བརྗོད་ཡོད་འདུག།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།