རྒྱ་ནག་གཞུང་ཚབ་པར་ངོ་རྒོལ་དང་གདོང་ཐུག་གིས་བོད་དོན་དྲིས་བ།

2016-05-19
གློག་འཕྲིན།
མཆན།
Share
པར་བཀོད།
དབྱིན་ཡུལ་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་པར་ངོ་རྒོལ་གནང་བ། ༢༠༡༦།༥།༡༧
དབྱིན་ཡུལ་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་པར་ངོ་རྒོལ་གནང་བ། ༢༠༡༦།༥།༡༧
དྲ་བཤུས། /bathchronicle

དབྱིན་ཡུལ་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་པ་དང་བོད་མིའི་བར་གདོང་ཐུག་གིས་ཕན་ཚུན་བོད་དོན་དྲི་བ་དང་གཏམ་བཤད་སྤེལ་རེས་བྱས་འདུག
དེ་ཡང་དབྱིན་ཡུལ་ནང་ཡོད་པའི་རྒྱ་ནག་གི་གཞུང་ཚབ་པ་ལེའུ་(Liu Xiaoming)་ཡིས། ཕྱི་ཚེས་༡༧་ཉིན་  Bath་ས་གནས་ཀྱི་སློབ་གཉེར་ཁང་ཞིག་གི་ནང་གཏམ་བཤད་ཀྱི་ལས་དོན་ལ་ཕེབས་སྐབས། བོད་མི་དང་བོད་དོན་རྒྱབ་སྐྱོར་གནང་མཁན་ཁག་གཅིག་ཡང་ཕེབས་ཡོད་པ་དང་། སྐབས་དེར་རྒྱ་མི་ཞིག་གིས་ཕྱིའི་རྒྱལ་ཁབ་ཁག་ནང་རྒྱ་ནག་གི་མཚན་མཐོང་ཇི་འདྲ་ཡོད་མིན་སྐོར་དྲིས་སྐབས། གཞུང་ཚབ་པ་ལེའུ་ཡིས། བོད་ནང་བོད་མི་རྣམས་དགའ་སྐྱིད་ལྡན་པའི་ངང་འཚོ་བ་རོལ་བཞིན་ཡོད་པའི་སྐོར་གཏམ་བཤད་རིང་པོ་གནང་བར། ཚོགས་ཐོག་བོད་མི་ཤེས་རབ་རྒྱལ་མཚན་ལགས་ཀྱིས། བོད་རྒྱ་ནག་གིས་བཙན་བཟུང་བྱས་ནས་རང་དབང་མེད་པའི་སྐོར་དང་། དེར་བརྟེན་བོད་ནང་བོད་མི་ཚོས་རང་ལུས་མེར་བསྲེག་བཏང་བའི་གནས་ལུགས་དང་། པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་ནག་གཞུང་གིས་བཙན་བཟུང་བཀག་ཉར་བྱས་ནས་ལོ་ངོ་༢༡་འགྲོ་བཞིན་ཡོད་པའི་སྐོར་རྒྱ་ནག་གཞུང་ཚབ་པར་གསུངས་སྐབས། དེར་གཞུང་ཚབ་པ་ལེའུ་ཡིས། བོད་ནང་ད་ལྟའི་ཆར་བོད་མི་ས་ཡ་གསུམ་ལྷག་ཡོད་སྐོར་དང་། བོད་མི་དེ་དག་མང་ཆེ་བས་ཁོང་ཚོའི་མི་ཚེ་སྐྱིད་པོའི་ངང་རོལ་བཞིན་པ་དང་། རང་དབང་ངང་གནས་ཡོད་པ་ངོས་ལེན་བྱེད་ཀྱི་རེད་ཅེས་དང་། ད་དུང་པཎ་ཆེན་རིན་པོ་ཆེའི་སྐོར་ལ་ཁོང་ནི་སྤྱིར་བཏང་གི་བྱིས་བ་ཞིག་ཡིན་པ་དང་ཡང་སྲིད་ལ་ངོས་འཛིན་བྱས་མྱོང་མེད་སྐོར་ལན་འདེབས་བྱས་བར། ཤེས་རབ་རྒྱལ་མཚན་ལགས་ཀྱིས་དངོས་ཡོད་གནས་ཚུལ་ཐོག་ཁོང་རང་གི་ནང་མི་རྣམས་ཀྱི་གནས་སྟངས་དེ་འདྲ་རྩ་བ་ནས་མེད་པའི་སྐོར་ལན་འདེབས་གནང་ཡོད་འདུག
དེ་ནས་ཉིན་དེར་བོད་མི་དང་བོད་དོན་རྒྱབ་སྐྱོར་གནང་མཁན་རྣམས་ཀྱིས་རྒྱ་ནག་གི་གཞུང་ཚབ་པའི་བཀའ་མོལ་དེར་ངོ་རྒོལ་གྱི་དྲི་བ་སྣ་ཚོགས་དྲིས་སྐབས་གཞུང་ཚབ་པས་མཐར་ཁོང་ཁྲོའི་རྣམ་འགྱུར་དང་བཅས། བོད་དོན་འཐབ་རྩོད་ནི་ཁྲིམས་མཐུན་མིན་ཙང་ཁྱེད་ཚོས་བོད་རྒྱ་ནག་ནས་ཁ་བྲལ་གཏོང་ཐབས་ལ་ལམ་ལྷོང་ཡོང་གི་མ་རེད་ཅེས་ལན་འདེབས་བྱས་འདུག

གསར་འགོད་པ་ལྷུན་གྲུབ།

མཆན། (0)
Share
དྲ་གནས་ཆ་ཚང༌།