རྒྱལ་མཚན་ནོར་བུ་བོད་རང་སྐྱོང་ལྗོངས་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོར་བདམས་པ་དང་བོད་རྒྱུད་ནང་བསྟན་རྒྱ་སྒྱུར་མགྱོགས་མྱུར་དང་ཁ་བྲལ་ལ་ངོ་རྒོལ་དགོས་པ། དམར་ཤོག་དྲུང་ཆེ་ཝང་ཅུན་ཀྲེང་གིས་བརྗོད་འདུག

2024.09.09
རྒྱལ་མཚན་ནོར་བུ་བོད་རང་སྐྱོང་ལྗོངས་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོར་བདམས་པ་དང་བོད་རྒྱུད་ནང་བསྟན་རྒྱ་སྒྱུར་མགྱོགས་མྱུར་དང་ཁ་བྲལ་ལ་ངོ་རྒོལ་དགོས་པ། དམར་ཤོག་དྲུང་ཆེ་ཝང་ཅུན་ཀྲེང་གིས་བརྗོད་འདུག རང་སྐྱོང་ལྗོངས་དམར་ཤོག་དྲུང་ཆེ་ཝང་ཅུན་ཀྲེང་གིས་ལྷ་སར་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་མི་ཚོར་ཐུག་འཕྲད་སྐབས། ༢༠༢༤། ༠༩། ༠༦ ཉིན།
China state media

ཕྱི་ལོ་ ༢༠༢༤ ལོའི་ཕྱི་ཟླ་ ༩ ཚེས་མགོར། རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་འཐུས་མིའི་ཚོགས་འདུ་ཐེངས་བཅུ་གཉིས་པ་ཟེར་བ་འཚོགས་ཏེ། ཚོགས་འདུའི་སྟེང་རྒྱ་ནག་གཞུང་གིས་པཎ་ཆེན་དུ་ཆེད་བསྐོས་བྱས་པ་རྒྱལ་མཚན་ནོར་བུ་ནང་བསྟན་ཐུན་ཚོགས་ཀྱི་ཚོགས་གཙོར་བདམས་ཐོན་དང་འབྲེལ། རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་ཝང་ཅུན་ཀྲེང་ཟེར་བས་ཚོགས་འདུ་དེ་དང་འབྲེལ་བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་མགྱོགས་མྱུར་སྒྱུར་དགོས་སོགས་བཤད་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ནས། རྒྱ་ནག་གཞུང་གིས་དང་ཐོག་བོད་བརྒྱུད་ནང་བསྟན་རྩ་མེད་བཟོ་ཐབས་བྱས་ཀྱང་ལེགས་འགྲུབ་མ་བྱུང་སྟབས། དེང་སྐབས་༸གོང་ས་མཆོག་གི་ཡང་སྲིད་ལ་ཐེ་བྱུས་དང་། བོད་བརྒྱུད་ནང་བསྟན་གྱི་མི་སྣ་ཆེ་ཁག་བེད་སྤྱོད་ཀྱིས་བོད་རྒྱུད་ནང་བསྟན་དེ་ཆོས་ལུགས་རང་གི་ངོ་བོའི་ཐོག་ནས་ཡང་རྒྱས་མི་འགྲོ་ཐབས་བྱེད་བཞིན་ཡོད་པ་བརྗོད་བྱུང་།

ཡང་རྒྱ་ནག་གཞུང་འབྲེལ་གྱི་གནས་ཚུལ་ནང་། ཚོགས་འདུའི་སྟེང་ཝང་ཅུན་ཀྲེང་གིས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས། དར་ཆ་གསལ་སྟོན་གྱིས་ཁ་བྲལ་ལ་ངོ་རྒོལ་དང་རྒྱལ་གཅེས་ཆོས་གཅེས་མཐའ་འཁྱོངས། ཀྲུང་ཧྭ་རིག་གནས་ཀྱི་མོས་སེམས་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་ནས། བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་སྐུལ་འདེད་ཧུར་ཐག་གཏོང་བ། སེམས་ནུས་གཅིག་སྒྲིལ་གྱིས་ནུས་པ་འདོན་སྤེལ་ཧུར་ཐག་དགོས་པའི་དྲིལ་བསྒྲགས་གཏམ་བཤད་བྱས་ཡོད་པ་དང་། གནད་དོན་དེའི་ཐད་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ (Observer Research Foundation) ཉམས་ཞིབ་ལྟེ་གནས་ཁང་གི་རྒྱ་ནག་གི་གནད་དོན་ཐོག་ཉམས་ཞིབ་གནང་མཁན་སྐུ་ཞབས་ (Kalpit Mankikar) ལགས་ནས། ཐེངས་འདིར་རྒྱ་ནག་གཞུང་གིས་རྒྱ་ནག་གི་པཎ་ཆེན་ཚོགས་གཙོར་བསྐོ་གཞག་བྱས་པ་དེར་ཡ་མཚན་དགོས་པ་ཞིག་མིན་པར། རྒྱ་ནག་གཞུང་གི་བསམ་ཕྱོགས་དང་མཐུན་པ་ཞིག་བེད་སྤྱོད་རང་གི་ཆེད་དུ་བཞག་སྟེ། བོད་བརྒྱུད་ནང་བསྟན་སྟབས་བདེའི་ངང་རྒྱ་ནག་གཞུང་གི་སྟངས་འཛིན་ཆེད་ཡིན་སྐོར་བརྗོད་བྱུང་།

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་རང་སྐྱོང་ལྗོངས་ནང་བསྟན་ཚོགས་གཙོར་བདམ་པ་དང་འབྲེལ། ཝང་ཅུན་ཀྲེང་གིས་ཆེད་དུ་བོད་བརྒྱུད་ནང་བསྟན་རྒྱ་སྒྱུར་དང་། ཁ་བྲལ་བར་སྐྱོན་བརྗོད་དགོས་སྐོར་བརྗོད་པ་དེ། རྒྱ་ནག་གཞུང་གིས་ཆེད་དུ་རྒྱལ་མཚན་ནོར་བུར་བཀོད་ཁྱབ་དང་། ནང་བསྟན་མཐུན་ཚོགས་ཟེར་བས་ཆོས་ལུགས་ཁག་གི་བླ་ཆེན་རྣམས་བསྐོ་བཞག་བྱེད་ཀྱི་ཡོད་པ་དང་། དེ་ནི་མ་འོངས་པར་རྒྱ་ནག་གི་འདོད་མོས་བཞིན་བླ་ཆེན་ཁག་གི་ཡང་སྲིད་ངོས་འཛིན་བྱ་ཕྱོགས་ཀྱི་བརྒྱུད་རིམ་ཞིག་བཟོ་བཞིན་པ་གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་བྱེད་ཀྱི་ཡོད་པ་རེད་པ་རེད་ལ། ཡང་སྐུ་ཞབས་ (Kalpit Mankikar) ལགས་ནས་མུ་མཐུད་རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུར་ཡང་དང་བསྐྱར་དུ། ནང་བསྟན་མཐུན་ཚོགས་ཀྱི་བོད་རང་སྐྱོང་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོར་བདམ་པ་དེ། དེ་སྔ་ཕྱི་ལོ་ ༡༩༨༠ ནང་ཨུ་རུ་སུ་དམར་ཤོག་སྐབས་ཆོས་ཕྱོགས་ཀྱི་འགོ་ཁྲིད་ཅིག་ལ་དབང་ཆ་སྤྲད་པས་སྲིད་དོན་ཐད་གྱོང་གུད་ཆེན་པོ་བྱུང་ཡོད་སྟབས། རྒྱ་ནག་གཞུང་གིས་ནོར་འཁྲུལ་དེ་ལྟར་མི་ཡོང་བའི་ཆེད་དུ་ཁོ་རང་ཚོས་གསོ་སྐྱོང་བྱས་པ་ཞིག་བསྐོ་ཐབས་བྱེད་བཞིན་པར་ངོས་འཛིན་གནང་གི་འདུག

གསར་འགོད་པ། བདེ་ཆེན་དབང་མོ།

རྩོམ་སྒྲིག་པ། བསྟན་འཛིན་པདྨ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
གཏོང་ལེན་སློབ་གྲྭའི་ཐོག་མའི་དམིགས་ཡུལ་ལྟར་དུ་པིང་ཀི་ལགས་ནས་ཀྱང་མ་འོངས་དབུལ་ཕོངས་ཀྱི་སྤྱི་ཚོགས་སུ་རོགས་རམ་ཞབས་འདེགས་ཞུ་རྒྱུའི་འདུན་པ་ཡོད་ཅེས་གསུངས་བྱུང་།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལྷ་མོ་ཀིརྟི་དགོན་པའི་ནང་བསྟན་སྔོན་འགྲོའི་སློབ་གྲྭ་ཡོངས་སུ་སྒོ་བརྒྱབ་སྟེ་སློབ་ཕྲུག་ཚོ་བཙན་ཐབས་ཀྱིས་གཞུང་གཉེར་སློབ་གྲྭར་བཏང་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎