དམག་མིས་ཁེངས་བའི་རྨ་ཆུའི་གེ་སར་རྟ་རྒྱུག་འགྲན་ཚོགས།

2016-08-18
གློག་འཕྲིན།
མཆན།
Share
པར་བཀོད།
དམག་གིས་ཁེངས་བའི་རྨ་ཆུའི་གེ་སར་རྟ་རྒྱུག་འགྲན་ཚོགས་སྐབས། ༢༠༡༦།༨།༡༧
དམག་གིས་ཁེངས་བའི་རྨ་ཆུའི་གེ་སར་རྟ་རྒྱུག་འགྲན་ཚོགས་སྐབས། ༢༠༡༦།༨།༡༧
བོད་འབྱོར།

མདོ་སྨད་རྨ་ཆུ་རྫོང་དུ་ཚོགས་པའི་གེ་སར་རྟ་རྒྱུག་སྐབས་རྒྱ་ནག་གཞུང་གིས་དམག་མི་མང་པོ་བཏང་ནས་ས་གནས་སུ་དམ་དྲག་ཆེན་པོ་བྱས་ཡོད་འདུག
དེ་ཡང་བོད་ནས་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་བ་ལྟར་ན། སྤྱི་ལོ་༢༠༡༦་ལོའི་ཟླ་༨་ཚེས་༡༣་ནས་ཚེས་༡༧་བར་མདོ་སྨད་ཀན་ལྷོ་རྨ་ཆུ་རྫོང་དུ་གྲགས་ཆེ་བའི་ཨེ་ཤེ་ཡ་གླིང་གི་རྩྭ་ས་དང་པོར་འབོད་པའི་རྨ་ཆུའི་རྩྭ་ཐང་དུ། རྨ་ཆུའི་སྐབས་བཅུ་བའི་གེ་སར་རྟ་རྒྱུག་དུས་ཆེན་དང་། སྐབས་བཞི་བའི་ནོར་ལུག་དང་འབྲོག་ཁྱིའི་འགྲེམ་སྟོན་དཔྱད་བསྡུར་འགྲན་ཚོགས་ ཞེས་བ་བསྡུས་ཡོད་པ་དང་། སྐབས་དེར་རྒྱ་ནག་གཞུང་གིས་ས་གནས་སུ་དྲག་ཆས་དམག་མི་དང་། ཉེན་རྟོག་པ་། སྒྲིག་ཆས་གྱོན་མེད་པའི་གསང་བའི་མི་སྣ་སོགས་འབོར་ཆེན་གང་སར་བཀྲམ་ནས་བོད་མི་ཚོས་ངོ་རྒོལ་ལས་འགུལ་དང་། ཆབ་སྲིད་གནད་དོན་རིགས་མི་ཡོང་བའི་ཆེད་དོགས་ཟོན་དང་དམ་དྲག་ཆེན་པོ་བྱས་ཡོད་པ་རེད།
དེའི་ཐད་ས་གནས་ཡུལ་མི་ཞིག་གིས་བརྗོད་དོན། དེ་སྔའི་རྨ་ཆུའི་སྲོལ་རྒྱུན་གྱི་རྟ་རྒྱུག་དེ་ད་སྐབས་ཀྲུང་གོའི་རྨ་ཆུའི་རྟ་རྒྱུག་ཞེས་བཙན་གྱིས་མིང་སྦྱར་བ་དང་། རྟ་རྒྱུག་སྐབས་དམག་མི་དང་ཉེན་རྟོག་པ་འབོར་ཆེན་འགྲེམས་འཇོག་བྱས་ནས་རྟ་རྒྱུག་ཐང་ནི་དམག་གིས་ཁེངས་བའི་གཡུལ་ས་འདྲ་བོ་འདུག་ཅེས་བརྗོད་བྱུང་།
ལོ་ལྟར་སྤྱི་ཟླ་༨་པའི་ནང་ཀན་ལྷོ་ཁུལ་རྨ་ཆུ་རྫོང་དུ་གེ་སར་གླིང་གི་རྟ་རྒྱུག་རྒྱལ་འཇོག་འགྲན་ཚོགས་ཞེས་བ་བསྡུས་ཏེ། རྒྱལ་ཡོགས་ཀྱི་ས་ཁུལ་གང་ས་ནས་ལྟད་མོ་བ་ཁྲི་ཚོ་མང་པོ་འཛོམས་པ་ཁྱབ་བསྒྲགས་དང་མཉམ། སྐབས་དེར་ས་གནས་རྒྱ་ནག་གི་ཉེན་རྟོག་ལས་ཁུངས་ནས། རྟ་རྒྱུག་སྐབས་མི་ཚོགས་མང་པོ་གང་བྱུང་འདུ་འཛོམས་མི་ཆོག་པ་དང་། ངོ་རྒོལ་གྱི་ལས་འགུལ་སྤེལ་མི་ཆོག་པ། མཚོན་ཆ་དང་མེ་སྤར་བྱེད་ཀྱི་དངོས་རྫས་རིགས་འཁྱེར་མི་ཆོག་པ་སོགས་སྒྲིག་གཞི་ཁག་གཅིག་གསལ་བསྒྲགས་བྱས་ནས་དེ་དང་འགལ་ཚེ་ཐག་གཅོད་ནན་མོ་བྱེད་རྒྱུའི་ཉེན་བརྡ་བཏང་ཡོད་པ་རེད།
གོང་གི་རྨ་ཆུའི་གེ་སར་རྟ་རྒྱུག་ནི་ཀན་ལྷོ་ཁུལ་རྒྱ་ནག་དམར་ཤོག་ཚོགས་པ་དང་། སྲིད་གཞུང་གིས་སྤྱིའི་བཀོད་སྒྲིག་ཐོག། ཐེངས་འདིའི་རྟ་རྒྱུག་འགྲན་ཚོགས་སྟེང་རྡུང་ལེན་འཁྲབ་སྟོན་དང་། སྐོར་བྲོ་འཁྲབ་སྟོན། རྟ་ཐོག་སྤོ་ལོའི་འགྲན་སྡུར། ད་དུང་ནོར་གནག་དང་། བོད་ལུག འབྲོག་ཁྱི་སོགས་ཀྱི་དཔྱད་སྡུར་འགྲེམས་སྟོན་ཀྱང་བསྡུས་ཡོད་པ་རེད་འདུག།
དེ་བཞིན་ཟླ་འདི་ནང་མདོ་སྨད་ཀན་ལྷོ་ཀླུ་ཆུ་རྫོང་དུ་ཡང་ཀྲུང་གོའི་སྐོར་བྲོ་འགྲན་ཚོགས་ཞེས་བ་ཡང་བསྡུས་ཡོད་པ་རེད།
ཉིན་ཤས་གོང་AFP་གསར་ལས་ཁང་གིས་བོད་ནས་གནས་ཚུལ་སྤེལ་བ་ལྟར་ན། བོད་ཀྱི་སྲོལ་རྒྱུན་རྟ་རྒྱུག་དུས་སྟོན་ཁག་ད་སྐབས་རྒྱ་ནག་གི་དྲིལ་བསྒྲཊ་བྱེད་སྒོ་ལ་འགྱུར་བཞིན་པ་དང་། རྒྱ་ནག་གི་དཔོན་རིགས་ཚོས་བོད་ཀྱི་རྟ་རྒྱུག་དུས་སྟོན་གྱི་བྱེད་སྒོ་དེ་བཞིན་ད་སྐབས་བོད་ཀྱི་གནས་སྟངས་ཡག་པོ་ཡོད་ཚུལ་ཕྱིར་དྲིལ་བསྒྲགས་ཀྱི་དམིཊ་ཡུལ་འཛིན་པའི་གནས་ཚུལ་སྤེལ་འདུག

གསར་འགོད་པ་ཀླུ་འབུམ།

མཆན། (0)
Share
དྲ་གནས་ཆ་ཚང༌།