གསེར་རྟ་བླ་རུང་ཆོས་སྒར་གྱི་གྲྭ་ཤག་གཏོར་བཤིག་མཚམས་འཇོག་རོཊ།

2016-07-27
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱ་ནག་གིས་གསེར་རྟ་བླ་རུང་ཆོས་སྒར་གྱི་གྲྭ་ཤག་གཏོར་བཞིན་པ། ༢༠༡༦།༧།༢༠
རྒྱ་ནག་གིས་གསེར་རྟ་བླ་རུང་ཆོས་སྒར་གྱི་གྲྭ་ཤག་གཏོར་བཞིན་པ། ༢༠༡༦།༧།༢༠
བོད་འབྱོར།

གསེར་རྟ་བླ་རུང་ཆོས་སྒར་གྱི་གྲྭ་ཤག་གཏོར་བཤིག་ནི་ཉེན་ཚབས་ཅན་གྱི་བྱ་སྤྱོད་ཅིག་རེད་ཅེས་རྒྱ་ནག་ལ་ངོ་རྒོལ་སྐྱོན་བརྗོད་བྱས་འདུག
རྒྱ་ནག་གཞུང་གིས་འདི་ཚེས་༢༠་ཉིན་ནས་འགོ་འཛུགས་ཀྱིས། བོད་ནང་གི་གསེར་རྟ་བླ་རུང་ཆོས་སྒར་གྱི་གྲ་ཤག་གཏོར་བཤིག་གཏོང་བཞིན་པ་དེར་འདི་ག་ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་རྟེན་གཞི་བྱེད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ངོ་རྒོལ་སྐྱོན་བརྗོད་དང་སྦྲགས་ བཙན་ཤེད་ཀྱི་བྱ་སྤྱོད་དེ་འཕྲལ་མར་མཚམས་འཇོག་དགོས་པའི་འབོད་སྐུལ་གནང་འདུག
དེ་ཡང་རྒྱ་ནག་གི་ཟི་ཁྲོན་ཞིང་ཆེན་གྱི་ཁྱབ་ཁོངས་སུ་ཡོད་པའི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་ད་ཡོད་གྲ་བཙུན་ཆིག་ཁྲི་ཙམ་ཡོད་པ་ནས། འདི་ལོའི་ཕྱི་ཟླ་༦་པའི་ནང་རྒྱ་ནག་གཞུང་གིས་འཆར་གཞི་ཞིག་བཀོད་པའི་ནང་གྲ་བཙུན་གྱི་གྲངས་ཚད་ལྔ་སྟོང་ཙམ་ཉུང་དུ་གཏོང་རྒྱུ་དང་ཆབས་ཅིག གྲ་ཤག་ཁག་ཅིག་གཏོར་བཤིག་གཏོང་རྒྱུའི་ཐག་གཅོད་བྱས་པ་ལྟར། ཟླ་བ་འདིའི་ཚེས་༢༠་ཉིན་ནས་བཟུང་དངོས་སུ་གྲ་བཤག་གཏོར་བཤིག་གཏོང་འགོ་བཙུགས་པར། ཁ་ཉིན་ཕྱི་ཚེས་༢༥་ཉིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཡོངས་ཁྱབ་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བའི་ནང༌། རྒྱ་ནག་གཞུང་གིས་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་གི་གྲ་ཤག་གཏོར་བཤིག་གཏོང་བཞིན་པ་ནི་གྲ་བཙུན་མང་བ་དང་འཚང་ཀ་ཆེ་དྲག་པའི་གནས་ཚུལ་ཞིག་མིན་པར། འདི་ནི་བོད་མིའི་ཆོས་དད་རང་དབང་ལ་རྐང་བཙུགས་ནས་འགོག་རྐྱེན་དང་རྡོག་རོལ་གཏོང་རྒྱུར་རྒྱ་ནག་གཞུང་གིས་ལག་བསྟར་བྱས་དང་བྱེད་བཞིན་པའི་སྲིད་བྱུས་ཤིག་དང༌། བོད་པའི་ནང་ཆོས་ཀྱི་བྱེད་སྒོའི་ཐོག་དོ་དམ་དང་སྟངས་འཛིན་བྱ་ཤུགས་ཆེ་རུ་གཏོང་རྒྱུར་དམིགས་པའི་གོམ་པ་ལྟག་ལོག་རྒྱག་པའི་ཆེས་ཉེན་ཚབས་ཅན་གྱི་བྱ་སྤྱོད་ཅིག་རེད་ཅེས་ངོ་རྒོལ་སྐྱོན་བརྗོད་དང་སྦྲགས་བཙན་ཤེད་ཀྱི་བྱ་སྤྱོད་དེ་འཕྲལ་མར་མཚམས་འཇོག་དགོས་པའི་འབོད་སྐུལ་གནང་འདུག
དེ་བཞིན་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ལྡི་ལིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་དང་། ཨ་རིའི་དོན་གཅོད་ཁང་སོགས་ལ་གསེར་རྟ་བླ་རུང་ཆོས་སྒར་བཙན་གཏོར་གྱི་གནད་དོན་དང་འབྲེལ་གསེར་རྟ་བླ་རུང་སྒར་ཛ་དྲག་གི་གནས་ལས་སྐྱོབ་རོཊ་ཅེས་ཛ་དྲག་གི་འབོད་སྐུལ་ཞུས་འདུག
གཞན་འདི་གར་གནས་ཚུལ་འབྱོར་བ་ལྟར་ན། ཕྱི་ཟླ་༧་ཚེས་༢༧་ཉིན། ཨོས་ཀྲེ་ལི་ཡའི་མངའ་སྡེ་Queensland་གྲོང་ཁྱེར་Brisbane་ནང་། ས་གནས་བོད་རིགས་མཐུན་ཚོགས་ནས་རྒྱ་ནག་གཞུང་གིས་འདི་ཟླའི་ཚེས་༢༠་ཉིན་ནས་བཟུང་གསེར་རྟ་བླ་རུང་སྒར་གྱི་ཁང་པ་གཏོར་བཤིག་གཏོང་བཞིན་པ་དེ་དག་མཚམས་འཇོག་དགོས་པ་དང་། རྒྱལ་སྤྱིས་གནས་ཚུལ་དེའི་ཐོག་དོ་སྣང་བྱས་ཏེ་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་ལས་འགུལ་སྤེལ་འདུག

གསར་འགོད་པ་ངག་དབང་ཆོས་འཕེལ་དང་སེང་གེ་རི་བསོད་ནམས་ལྷ་མོ།

མཆན། (0)
Share
དྲ་གནས་ཆ་ཚང༌།