ལིའུ་ཤའོ་ཕུའུ་ནས་ཁྲིམས་ཁང་གོང་མར་ཞུ་གཏུགས།

རྒྱ་ནག་གཞུང་ཕྱོགས་དང་སྲིད་དོན་གྱི་ལྟ་སྤྱོད་མི་མཐུན་མཁན་དམངས་གཙོ་དོན་གཉེར་བ་ལིའུ་ཤའོ་ཕུའུ་ཡིས་ཞུ་གཏུགས་བསྐྱོན་འདུག

2010.01.04

༄༅༎རྒྱ་ནག་གཞུང་ཕྱོགས་དང་སྲིད་དོན་གྱི་ལྟ་སྤྱོད་མི་མཐུན་མཁན་དམངས་གཙོ་དོན་གཉེར་བ་ལིའུ་ཤའོ་ཕུའུ་ལ་པེ་ཅིན་འབྲིང་རིམ་ཁྲིམས་ཁང་ནས་རྒྱལ་ཁབ་ཀྱི་དབང་ཆ་མགོ་རྟིང་སློག་རྒྱུ་སྐུལ་སློང་བྱས་པའི་ཉེས་བཙུགས་ཐོག་ནས་བཙོན་འཇུག་ལོ་བཅུ་གཅིག་གི་ཁྲིམས་ཐག་བཅད་པར་སྐུ་ཞབས་ལིའུ་ཤའོ་ཕུའུ་ཡིས་ངོས་ལེན་མ་གནང་བར་ཁྲིམས་ཁང་གོང་མར་ཞུ་གཏུགས་བསྐྱོན་གནང་ཡོད་ན་ཡང་ཁོང་གི་ཁྲིམས་གཏུགས་ལ་བསྐྱར་དུ་ཁྲིམས་ཞིབ་བྱ་རྒྱུའི་རེ་བ་ཧ་ཅང་ཆུང་ངུ་ཡིན་པ་ལིའུ་ཤའོ་ཕུའུ་ཡིས་ཁྲིམས་རྩོད་པས་གཟའ་ཟླ་བའི་ཉིན་འགྲེལ་བརྗོད་གནང་འདུག   

ལིའུ་ཤའོ་ཕུའུ་ཡིས་ཁྲིམས་རྩོད་པ་ཧྲང་བའོ་ཅུན་གྱིས་གསུང་ན་ལིའུ་ཤའོ་ཕུའུ་ཡིས་ཁོང་ལ་བཙོན་འཇུག་ལོ་བཅུ་གཅིག་གི་ཁྲིམས་ཐག་བཅད་པར་ངོས་ལེན་མེད་པ་དང་ཁོང་གི་གྱོད་དོན་ཐོག་བསྐྱར་དུ་ཁྲིམས་ཞིབ་ཡོང་རྒྱུར་རེ་འདུན་ཡི་གེ་ཁོང་རང་གིས་ཐད་ཀར་ན་ནིང་ཕྱི་ཟླ་བཅུ་གཉིས་པའི་ཚེས་ཉི་ཤུ་དགུ་ཉིན་ཁྲིམས་ཁང་དུ་འབུལ་ཡོད་པ་དང་ཡིན་ནའི་ཁོང་ལ་བཅད་པའི་ཁྲིམས་ཐག་ལ་འགྱུར་བ་གཏོང་རྒྱུའི་རེ་བ་རྩ་བའི་ཆ་ནས་མེད་པ་ལྟ་བུ་ཡིན་པའི་སྐོར་གསུངས་འདུག སྐུ་ཞབས་ལིའུ་ཤའོ་ཕུའུ་ལ་པེ་ཅིན་འབྲིང་རིམ་ཁྲིམས་ཁང་གིས་ན་ནིང་ཕྱི་ཟླ་བཅུ་གཉིས་པའི་ཚེས་ཉི་ཤུ་ལྔ་ཉིན་རྒྱལ་ཁབ་ཀྱི་དབང་ཆ་མགོ་རྟིང་སློག་རྒྱུར་སྐུལ་སློང་བྱས་པའི་ཉེས་བཙུགས་ཐོག་ནས་བཙོན་འཇུག་ལོ་བཅུ་གཅིག་གི་ཁྲིམས་ཐག་བཅད་ཡོད་ཅིང་དེར་ཨ་རི་དང་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་དང་དེ་མིན་གྱི་ནུབ་ཕྱོགས་ཡུལ་གྲུ་མང་པོས་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད་པའི་ཁར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་ཀྱང་རྒྱ་ནག་གཞུང་གིས་རྩོམ་པ་པོ་ལིའུ་ཤའོ་ཕུའུ་ལ་ཁྲིམས་ཐག་ཉེས་ཆད་ལྗིད་པོ་བཅད་པར་ཁ་རྡུང་བཏང་བ་དང་འབྲེལ་རྒྱ་ནག་གཞུང་ཕྱོགས་ནས་ལིའུ་ཤའོ་ཕུའུ་ཡི་ཁྲིམས་ཐག་ལ་བསྐྱར་ཞིབ་བྱ་རྒྱུའི་དགོས་འདུན་ཡང་ཤུགས་ཆེ་བཏོན་བཞིན་ཡོད་པ་རེད་ སྐུ་ཞབས་ལིའུ་ཤའོ་ཕུའུ་ནི་རྒྱ་ནག་དེ་བཞིན་དམངས་གཙོའི་ལམ་དུ་བསྐྱོད་རྒྱུར་འབད་རྩོན་གནང་མཁན་ཞིག་ཡིན་པའི་ཁར་རྒྱ་ནག་ནང་དབུལ་ཕོངས་ཚོའི་ཐོབ་ཐང་ལ་རྩོད་ལེན་གནང་མཁན་ཞིག་ཀྱང་ཡིན་ཞིང་ཁོང་གིས་རྒྱལ་ཁབ་ཕྱི་ནང་དུ་གྲགས་ཆེ་བའི་ཉིས་སྟོང་བརྒྱད་ཀྱི་རྩ་འཛིན་ཞེས་པ་རྒྱ་ནག་གི་ད་ཡོད་ཆབ་སྲིད་སྒྲིག་གཞིར་བསྒྱུར་བཅོས་བྱ་རྒྱུའི་ཡོངས་ཁྱབ་ཡི་གེ་ཟིན་བྲིས་བསྐྱོན་པ་དང་འབྲེལ་དེའི་ཐོག་ས་རྟགས་ཐོག་མ་བཀོད་པའི་རྐྱེན་གྱིས་ཁོང་ཉིས་སྟོང་བརྒྱད་ལོའི་ལོ་མཇུག་ཏུ་རྒྱ་ནག་གཞུང་གིས་འཛིན་བཟུང་དོ་དམ་བྱས་པ་ཞིག་ཡིན་ཞིང་ཉིས་སྟོང་བརྒྱད་ལོའི་རྩ་འཛིན་ཞེས་པའི་ཡོངས་ཁྱབ་ཡི་གེ་དེའི་ཐོག་ད་བར་མི་གྲངས་ཁྲི་ཕྲག་ཁ་ཤས་ཀྱི་ས་རྟགས་བཀོད་ཟིན་ཡོད་འདུག 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎