རྒྱ་གཞུང་གིས་དབྱིན་ཇིའི་མི་སེར་ཞིག་ལ་སྲོག་ཁྲིམས་བཅད་པ།

རྒྱ་ནག་གཞུང་གིས་དབྱིན་ཇིའི་མི་སེར་ཞིག་ལ་སྲོག་ཁྲིམས་བཅད་པར་དབྱིན་ཡུལ་དང་རྒྱ་ནག་དབར་གྱི་འབྲེལ་ལམ་ལ་འགོག་རྐྱེན་བཟོ་སྲིད།
2009-12-29
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎རྒྱ་ནག་གཞུང་གིས་དབྱིན་ཇིའི་མི་སེར་ཞིག་ལ་སྲོག་ཁྲིམས་བཅད་པར་དབྱིན་ཇིའི་གཞུང་གིས་ཚད་མཐོའི་སྐྱོན་བརྗོད་བྱས་པ་མ་ཟད་ གནད་དོན་འདིའི་རྐྱེན་གྱིས་ཡུལ་གྲུ་གཉིས་ཀྱི་ཆབ་སྲིད་འབྲེལ་བའི་འཕེལ་རིམ་ལ་འགོག་རྐྱེན་ཡང་བཟོ་སྲིད་པ་ཡིན་འདུག།

དབྱིན་ཇིའི་སྲིད་བློན་གོར་ཌེན་སྦ་རའོན་མཆོག་ནས་རྒྱ་ནག་གཞུང་གིས་ཨཀ་མལ་ཤཡིཀ་སྲོག་ཐོག་བཏང་པར་ངས་ཚད་མཐོ་ཤོས་ཀྱི་སྐྱོན་བརྗོད་བྱེད་རྒྱུ་ཡིན་ལ་ང་ཚོས་རྒྱ་ནག་གཞུང་ལ་དབྱིན་ཇིའི་མི་སེར་ཨཀ་མལ་ཤཡིཀ་ནི་སེམས་ནད་ཕོག་པའི་མི་ཞིག་ཡིན་པས་ཁོ་པ་གློད་གྲོལ་ཡོང་རྒྱུའི་རེ་འདུན་བཏོན་པར་རྒྱ་ནག་གཞུང་ཕྱོགས་ནས་ཡོངས་སུ་རྩིས་མེད་བཏང་པའི་བྱ་སྤྱོད་ལ་ཧ་ཅང་གི་བློ་ཕམ་དང་ཧོན་ཐོར་དགོས་པ་ཞིག་བྱུང་ཞེས་གསུངས་འདུག།

ཕྲུ་གུ་གསུམ་གྱི་ཕ་ཡིན་པ་ལོ་ན་༥༣ལ་སླེབས་པའི་ཨཀ་མལ་ཤཡིཀ་གཟའ་མིག་དམར་ཉིན་རྒྱ་ནག་གཞུང་གིས་དུག་རྫས་ངན་གོམས་བཟི་སྨན་རྒྱ་ནག་ནང་ནག་ཚོང་བརྒྱབ་པའི་ཉེས་བཙུགས་འོག་སྲོག་ཐོག་བཏང་ཞིང་ཁོ་པ་སྐྱོབ་ཐབས་ཆེད་དབྱིན་ཇི་དང་རྒྱ་ནག་གཞུང་དབར་བློན་ཆེན་རིམ་པའི་འབྲེལ་འཐུད་ལན་མང་གནང་ཡང་རྒྱ་ནག་གཞུང་གིས་ཉན་འཇོག་རྩ་བ་ནས་བྱས་མེད་པ་རེད།

དབྱིན་ཇིའི་ཕྱི་སྲིད་བློན་ཆེན་གཞོན་པ་ཨི་ལྦན་ལུ་ལྦི་སི་ནས་རྒྱ་ནག་གཞུང་གིས་ཤཡིཀ་སྲོག་ཐོག་བཏང་ཟིན་པའི་རྗེས་དབྱིན་ཇིའི་སྦི་སྦི་སི་རླུང་འཕྲིན་ལས་ཁང་ལ་རྒྱ་ནག་ནམ་ཞིག་གམ་གལ་ཏེ་འགྲོ་བ་མིའི་ཐོབ་ཐང་གི་སྒྲོམས་གཞིའི་ནང་སླེབས་ཚེ་གཞི་ནས་གུས་བརྩི་འོས་པའི་ཡུལ་གྲུ་ཞིག་ཏུ་འགྱུར་རྒྱུ་ཡིན་པ་གསུངས་ཤིང་འོན་ཀྱང་རྒྱ་ནག་གཞུང་གིས་རྒྱ་ནག་གི་ངོས་ནས་ཤཡིཀ་གྱི་གནད་དོན་ཐད་ཁྲིམས་ལུགས་གཞིར་བཟུང་ཁྲིམས་གཅོད་ལག་བསྟར་བྱས་པ་ཞིག་ཡིན་པ་འགྲེལ་བརྗོད་བྱས་ཡོད་པ་དང་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཇིཡང་ཡུས་ དབྱིན་ཇིའི་གཞུང་གིས་རྒྱ་ནག་ལ་སྐྱོན་འཛུགས་བྱེད་བཞིན་པར་མི་འདོད་པ་ཆེན་པོ་ཡོད་པར་མ་ཟད་དེར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་རྒྱུ་ཡིན་ཞེས་བརྗོད་འདུག།

གཞི་རྐང་དབྱིན་ཡུལ་དང་རྒྱ་ནག་དབར་ཚོང་འབྲེལ་ཆེན་པོ་ཡོད་ཀྱང་དེ་སྔོན་ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་སྐབས་ལྷག་པའི་གནས་ཚུལ་དང་བོད་ཀྱི་གནད་དོན་ ཉེ་ཆར་ཁོར་ཡུག་ཚོགས་ཆེན་སྐབས་མི་མཐུན་པ་བྱུང་བ་སོགས་ཡུལ་གྲུ་གཉིས་དབར་གྱི་ཆབ་སྲིད་འབྲེལ་ལམ་ཐད་ཀྱག་ཀྱོག་མང་དག་ཅིག་ཡོད་པའི་ཁར་ད་དུང་ཤཡིཀ་སྲོག་ཐོག་བཏང་པའི་གནས་ཚུལ་དེས་ཡུལ་གྲུ་གཉིས་དབར་གྱི་ཆབ་སྲིད་འབྲེལ་ལམ་ཐད་དོ་ཕོག་འབྱུང་སྲིད་པར་གནད་དོན་དབྱེ་ཞིབ་པ་ཚོས་ཚོད་དཔག་བྱེད་བཞིན་ཡོད་འདུག།

དབྱིན་ཇིིའི་ཕྱི་སྲིད་བློན་ཆེན་གཞོན་པ་འདི་ལོ་ཕྱི་ཟླ་དགུ་པའི་ནང་བོད་དུ་གཟིགས་བསྐོར་དུ་ཕེབས་རྗེས་དབྱིན་ཇིའི་གཞུང་གིས་བོད་མིར་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབས་འབྱུང་རྒྱུར་རྒྱབ་སྐྱོར་གནང་གི་ཡོད་པ་གསུངས་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།