རྒྱ་ནག་གཞུང་གིས་ནང་བསྟན་རྒྱ་ནག་ཅན་དུ་སྒྱུར་ཐབས་ཐད་བོད་མི་ཚོས་གདོང་ལེན་བྱ་དགོས་རྒྱུ་གལ་ཆེན་པོ་ཆགས་ཡོད་པ་སྤྱི་འཐུས་ཚོགས་གཙོ་མཆོག་ནས་གསུངས་སོང་།

2022.01.26
Share on WhatsApp
Share on WhatsApp
རྒྱ་ནག་གཞུང་གིས་ནང་བསྟན་རྒྱ་ནག་ཅན་དུ་སྒྱུར་ཐབས་ཐད་བོད་མི་ཚོས་གདོང་ལེན་བྱ་དགོས་རྒྱུ་གལ་ཆེན་པོ་ཆགས་ཡོད་པ་སྤྱི་འཐུས་ཚོགས་གཙོ་མཆོག་ནས་གསུངས་སོང་། འདི་ཚེས་༢༦ཉིན་རྒྱ་ནག་གཞུང་གིས་རྒྱལ་གཅེས་ཁྲིམས་སྲུང་གི་དཔེ་བཟང་གྲྭ་བཙུན་དང་དགོན་སྡེ་ཁག་ལ་གཟེངས་བསྟོད་ཚོགས་འདུ་ཟེར་བ་ཞིག་དར་མདོ་གྲོང་ཁྱེར་དུ་འཚོགས་ཡོད་འདུག
Chinese Media

རྒྱ་ནག་གཞུང་གིས་སྔར་ལོ་ནས་བཟུང་བོད་ཀྱི་ནང་བསྟན་རྒྱ་ནག་ཅན་དུ་སྒྱུར་རྒྱུའི་ལས་གཞི་ཟེར་བ་ཤུགས་ཆེ་རུ་གཏོང་བཞིན་ཡོད་པ་ལྟར། འདི་ཚེས་༢༦ཉིན་རྒྱ་ནག་གཞུང་གིས་བཅད་བགོས་བྱས་པའི་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ཆོས་ལུགས་ལས་དོན་ཟེར་བའི་གོ་སྒྲིག་འོག། རྒྱ་ནག་རྒྱལ་ཡོངས་ཆོས་ལུགས་ལས་དོན་གྱི་དགོངས་དོན་བཞིན། ནང་བསྟན་རྒྱ་ནག་ཅན་དུ་སྒྱུར་རྒྱུའི་ཁ་ཕྱོགས་ལག་བསྟར་ཆེད། རྒྱལ་གཅེས་ཁྲིམས་སྲུང་གི་དཔེ་བཟང་གྲྭ་བཙུན་དང་དགོན་སྡེ་ཁག་ལ་གཟེངས་བསྟོད་ཚོགས་འདུ་ཟེར་བ་ཞིག་དར་མདོ་གྲོང་ཁྱེར་དུ་འཚོགས་ཡོད་འདུག་ལ། སྤྱི་འཐུས་ཚོགས་གཙོ་མཆོག་ནས་རྒྱ་ནག་གཞུང་གིས་བོད་ཀྱི་ནང་བསྟན་རྒྱ་སྒྱུར་དང་རྒྱལ་གཅེས་ཆོས་གཅེས་ཟེར་བའི་ལས་འགུལ་སྣ་ཚོགས་སྤེལ་བཞིན་པ་དེ། བོད་མི་ཚོས་དད་མོས་ཆེན་པོ་བྱེད་ས་བླ་སྤྲུལ་མཁན་གསུམ་ཚོ་ཆགས་ཀྱི་ཡོད་སྟབས། དེ་དག་གི་ནུས་ཤུགས་ཆུང་རུ་གཏོང་ཐབས་དང་གུང་ཁྲན་ཏང་གི་ཁ་ལ་ཉན་ཐབས་ཀྱི་དམིགས་ཡུལ་ཡིན་སྐོར་གསུངས་སོང་།

ཐེངས་འདིར་རྒྱ་ནག་གཞུང་གིས་ཚོགས་འདུའི་ཐོག་ཁུལ་རིམ་པའི་དཔལ་ཡོན་དང་ཞི་མཐུན། བདེ་འཇགས་བཅས་ཀྱི་དགོན་སྡེ་༧༦དང་རྒྱལ་གཅེས་ཁྲིམས་སྲུང་གི་དཔེ་བཟང་གྲྭ་བཙུན༨༡༣བཅས་ལ་གཟེངས་བསྟོད་བྱ་དགའ་ཟེར་བ་སྤྲད་ཡོད་པ་མ་ཟད། ཚོགས་འདུའི་སྟེང་དཀར་མཛེས་ཁུལ་དམར་ཤོག་དྲུང་ཆེ་ཧྲེན་དབྱང་ཟེར་བས། ཆོས་ལུགས་རྒྱ་ནག་ཅན་དུ་སྒྱུ་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་དང་། དགོན་སྡེར་ཁྲིམས་ལྟར་ཚད་ལྡན་དོ་དམ་བྱེད་པའི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས་སྐོར་སོགས་བཤད་ཡོད་ན་ཡང་། རྩོམ་པ་པོ་བེ་རུ་བསོད་ནམས་དབང་ཕྱུག་ལགས་ནས་རྒྱ་ནག་གཞུང་གིས་དངོས་སུ་བོད་རྒྱུད་ནང་བསྟན་རྩ་མེད་བཟོ་ཟེར་བའི་ཚིག་དེ་བཀོལ་གྱི་མེད་ན་ཡང་། ནང་བསྟན་རྒྱ་ནག་ཅན་དུ་སྒྱུར་དགོས་ཟེར་བ་སོགས་ཀྱི་ལས་འགུལ་དེ་དག་གི་རྒྱབ་ལྗོངས་ལ་བསམ་ན་ཉེན་ཁ་ཆེན་པོ་ཞིག་ཆགས་ཀྱི་ཡོད་སྐོར་གསུངས་སོང་།

གཞན་ཡང་འདི་ལོའི་ལོ་མགོ་ནས་རྒྱ་ནག་གཞུང་གིས་དྲ་ལམ་ཁག་ཏུ་ཆོས་འཆད་ཉན་དང་དར་སྤེལ་མི་ཆོག་པའི་ཁྲིམས་སྒྲིག་བཟོས་ཡོད་པ་མ་ཟད། མཚོ་སྔོན་ཞིང་ཆེན་གྱིས་སྔར་ལོའི་ཕྱི་ཟླ་༧་པའི་ནང་བསྐྱར་བཅོས་བྱས་པའི་མཚོ་སྔོན་ཞིང་ཆེན་ཆོས་ལུགས་ལས་དོན་སྲོལ་ཡིག་ཞེས་པ་ཕྱི་ཟླ་༡༠་ཚེས་༡་ནས་བཟུང་ལག་བསྟར་གྱིས། ཆོས་ལུགས་རྒྱ་ནག་ཅན་དུ་འགྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་དང་ཆོས་ལུགས་པས་དད་ལྡན་སྤྱི་དམངས་ལ་རྒྱལ་གཅེས་རིང་ལུགས་དང་རྒྱལ་ཁབ་འདུ་ཤེས། སྤྱི་དམངས་འདུ་ཤེས་ཁྱབ་སྤེལ་དགོས་པ་སོགས་བཟོས་ཡོད་པ་རེད་ལ། ཡང་སྤྱི་འཐུས་ཚོགས་གཙོ་མཆོག་ནས་ལས་འགུལ་དེ་དག་བོད་མི་ཚོས་གུང་ཁྲན་ཏང་གི་ཁ་ལ་ཉན་ཐབས་ཀྱི་བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་ཞིག་ཆགས་ཀྱི་ཡོད་སྟབས། ཕྱི་ཕྱོགས་སུ་ཡོད་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་མཁྱེན་རྟོགས་ཡོད་པའི་ཐོག་ནས། རྒྱལ་སྤྱིའི་སྤྱི་ཚོགས་ལ་གོ་རྟོགས་སྤེལ་རྒྱུ་དང་གདོང་ལེན་གནང་དགོས་པ་གལ་ཆེན་པོ་ཡིན་སྐོར་གསུངས་སོང་།

སྔར་ལོའི་ཕྱི་ཟླ་༩་བའི་ཚེས་༢༧་ཉིན། རྒྱ་ནག་གཞུང་གིས་མཚོ་སྔོན་ཞིང་ཆེན་ནང་བསྟན་སློབ་གླིང་ཞེས་པ་རུ་བོད་བརྒྱུད་ནང་བསྟན་རྒྱ་ཡིག་ནང་སྒྱུར་རྒྱུའི་དཔྱད་ཞིབ་ཚོགས་འདུ་ཟེར་བ་ཞིག་ཚོགས་ཡོད་པ་རེད་ལ། སྐབས་དེར་བོད་རང་སྐྱོང་ལྗོངས་ལས་དོན་མཐུན་སྦྱོར་ཚོགས་པའི་འགན་འཛིན་གཞོན་པ་སྲི་ཐར་ཟེར་བས་ནང་བསྟན་ལས་རིགས་སུ་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་བར་ངོས་འཛིན་གཏིང་ཟབ་དང་། མེས་རྒྱལ་གོང་བུ་གཅིག་གྱུར་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བཅས་ལ་དམིགས་དགོས་སྐོར་བརྗོད་ཡོད་པ་དང་། ཡང་བེ་རི་བསོད་ནམས་དབང་ཕྱུག་ལགས་ནས་རྒྱ་ནག་གཞུང་གིས་ནང་བསྟན་རྒྱ་སྒྱུར་ཟེར་བ་སོགས་ཀྱི་ལས་འགུལ་དེ་རིགས་བརྒྱུད་ནས། བོད་ནང་ཆོས་ལུགས་རང་གི་སྟེང་ནས་ནུས་པ་ཐོན་ཐུབ་མཁན་གང་ཟག་ཆེད་དུ་འཕགས་པ་ཚོར་མུ་མཐུད་དམ་དྲག་བྱེད་ཐབས་དང་། ཆོས་ལུགས་སོགས་གང་ཡང་མི་ཤེས་མཁན་དང་སྐབས་འཚོལ་བ་ཚོར་ཆོས་ལུགས་ཀྱི་གོ་སྐབས་འདྲ་མིན་སྤྲད་དེ་གང་བྱུང་བྱ་རྒྱུ་གཏན་འཁེལ་ལྟ་བུ་ཆགས་ཡོད་སྐོར་གསུངས་སོང་།

ཆོས་ལུགས་རྒྱ་ནག་ཅན་དུ་སྒྱུར་དགོས་པའི་ལས་གཞི་ཟེར་བ་ནི་ཕྱི་ལོ་༢༠༢༠ལོར་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་གྱི་སྣེ་ཁྲིད་འོག། བོད་སྐོར་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་ཟེར་བའི་སྟེང་། ཞི་ཅིན་ཕིན་ནས་ཆོས་ལུགས་རྒྱ་ནག་ཅན་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁ་ཕྱོགས་དང་མཐུན་དགོས་སྐོར་གྱི་གཏམ་བཤད་བྱས་པ་ནས་ཤུགས་ཆེ་རུ་སྤེལ་མགོ་ཚུགས་ཡོད་པ་དང་། སྤྱིར་རྒྱ་ནག་གཞུང་གིས་དེ་སྔ་ནས་རྒྱལ་གཅེས་ཆོས་གཅེས་དང་ཆོས་ལུགས་ཀྱིས་སྤྱི་ཚོགས་ལ་ཞབས་འདེགས་ཞུ་དགོས་པ་སོགས་ཀྱི་མིང་འོག་ནས། བོད་ནང་གི་དགོན་སྡེ་ཁག་དང་སྤྱི་ཚོགས་ཁྱོན་ཡོངས་ནང་ཆོས་ལུགས་ཀྱི་ཤུགས་རྐྱེན་མི་ཡོང་བའི་ལས་འགུལ་སྣ་མང་སྤེལ་བཞིན་ཡོད་པ་རེད།

 
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། 
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
སྲིད་སྐྱོང་མཆོག་གིས་རྒྱ་ནག་གི་བྱ་སྤྱོད་ལ་ཡིད་གཟབ་གནང་དགོས་བ་ཉི་ཧོང་དུ་གསུངས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎