རྒྱ་ནག་གཞུང་གིས་མཐོ་རྒྱུགས་ནང་བོད་ཡིག་མེད་པར་བཟོ་བཞིན་པའི་ཐད་སློབ་ཆེན་གྱི་སློབ་མས་གཙོས་བོད་ནང་གི་བོད་མི་ཚོས་བློ་འཚབ་ཆེན་པོས་གླེང་བཞིན་འདུག
ཉེ་ཆར་བོད་ནང་གི་སློབ་མའི་ཁྱིམ་བདག་གི་ཚོགས་པ་ཞིག་ཏུ་སྤེལ་བའི་གསལ་བསྒྲགས་ཀྱི་ནང་དུ། ༼ ང་ཚོའི་སློབ་དུས་འདི་ནས་བཟུང་བོད་ཡིག་མཐོ་རྒྱུགས་ལ་མི་ཞུགས་པས། ཁྱིམ་བདག་ཚོས་རང་ཉིད་ཀྱི་ཕྲུ་གུས་བོད་ཡིག་མུ་མཐུད་དུ་སྦྱོང་མིན་གཏན་འཁེལ་བྱེད་རོགས། མུ་མཐུད་དུ་སྦྱོང་ན་བོད་ཡིག་གི་སློབ་ཚན་ནི་སྔོན་མ་ལྟར་མི་འགྱུར་བར་སྦྱོང་ཆོག གལ་ཏེ་བོད་ཡིག་སྦྱོང་རྒྱུ་མ་གདམ་ཚེ་ཕྱིས་སུ་བོད་ཡིག་སློབ་ཚན་མེད་པས་ཁྱིམ་བདག་ཚོས་བསམ་བློ་ཡག་པོ་དང་གསལ་པོ་གཏོང་རོགས་ཞེས་རྒྱ་བོད་ཡིག་རིགས་གཉིས་ཀྱི་ནང་གསལ་བསྒྲགས་བྱས་འདུག
གནས་ཚུལ་འདི་དང་འབྲེལ་སྤྱི་ཚོགས་དྲ་རྒྱའི་བརྒྱུད་ལམ་ཁག་ཏུ་བོད་མི་གཞོན་སྐྱེས་མང་པོ་ཞིག་གིས་བློ་འཚབ་ཆེན་པོས་གླེང་སློང་གནང་བཞིན་འདུག་ཅིང་། འདིའི་ཐད་བོད་མི་གཞོན་སྐྱེས་ཤིག་གིས། གལ་ཏེ་མཐོ་རྒྱུགས་ནང་བོད་ཡིག་མེད་པར་བཟོས་ན་བོད་ཡིག་མེད་པར་འགྲོ་བའི་སྔོན་རྟགས་ཤིག་ཡིན་པས། གནས་སྟངས་འདིའི་ཐོག་ནས་མི་རིགས་སློབ་ཆེན་ཁག་གི་བོད་ཡིག་དང་འབྲེལ་བའི་ཆེད་ལས་ཐམས་ཅད་ལ་གནོན་འཚེ་ཚབས་ཆེན་ཐེབས་ཡོད་པས་མ་ཟད། བོད་སྨན་ཡང་ཉེན་ཁའི་གནས་སུ་འགྱུར་བཞིན་ཡོད་པ་ནན་བརྗོད་གནང་འདུག
མཐོ་རྒྱུགས་ནང་བོད་ཡིག་མེད་པར་བཟོས་བའི་གནས་ཚུལ་དང་འབྲེལ། སློབ་མ་དང་ཁྱིམ་བདག་མང་པོས་དེར་བློ་འཚབ་བྱེད་བཞིན་པ་དང་། ཡང་ཁག་ཅིག་གིས་གལ་ཏེ་བོད་ཡིག་མཐོ་རྒྱུགས་ནང་མེད་ན་སྦྱོང་དགོས་དོན་མེད་པར་ཡང་བསམ་མཁན་ཡོད་པས། དེ་ནི་བོད་ཡིག་སྦྱོང་བའི་དམིགས་ཡུལ་ངོ་མ་དེ་ཤེས་ཀྱི་མེད་པར། སློབ་སྦྱོང་ནི་ཡིག་རྒྱུགས་ཀྱི་ཆེད་དུ་རེད་བསམ་པའི་ནོར་འཁྲུལ་གྱི་བསམ་བློ་ལས་བྱུང་བ་ཞིག་ཡིན་པ་བོད་ཀྱི་སློབ་ཆེན་སློབ་མ་ཞིག་གིས་གསུངས་འདུག
དེ་བཞིན་བོད་མི་ན་གཞོན་གཞན་གཉིས་ཀྱིས་ཀྱང་དྲ་ལམ་ནས་བསམ་ཚུལ་སྤེལ་བའི་ནང་། དེང་སང་དྲ་ལམ་ནས་བོད་ཡིག་མཐོ་རྒྱུགས་ནང་མེད་པར་བཟོས་པའི་སྐོར་ནས་གླེང་བཞིན་པ་མཐོང་དུས་སེམས་འཚབ་ཆེན་པོ་ཡོང་གི་འདུག སྐད་དང་ཡི་གེ་མེད་སོང་ན་མི་རིགས་དེ་མེད་པར་ཆགས་སོང་བ་རེད། དེར་བརྟེན་བྱིས་པ་ཚོས་བོད་སྐད་ཡིག་ཤེས་མིན་དེ་ཕ་མ་ལ་རགས་ལས་ཡོད་པས་ངེས་པར་དུ་འགན་འཁུར་རོགས་ཞེས་འབོད་སྐུལ་གནང་འདུག
དེ་མིན་ཡང་བོད་ཀྱི་སློབ་ཆེན་སློབ་མ་གཞན་ཞིག་གིས་ཀྱང། དེ་རིང་ངས་ང་ཚོའི་བོད་སྐད་ཡིག་དེ་མཐོ་རིམ་སློབ་གྲྭར་རྒྱུགས་སྤྲོད་རྒྱུའི་ཡིག་ཚད་ཀྱི་གྲས་སུ་མེད་པའི་སྐོར་ནས་བཤད་རྒྱུ་ཡིན། ང་ལ་མཚོན་ན་རིག་གནས་ཡོན་ཏན་ཡོད་མཁན་ཞིག་མིན། སློབ་ཆེན་སློབ་མ་ཞིག་ཡིན། བསམ་ཚུལ་འགའ་ཡོད་པ་འདིར་བཤད་རྒྱུ་ཡིན། དེ་རིང་ཁ་སང་སྤྱི་ཚོགས་དྲ་ལམ་དུ་བོད་ཡིག་སྦྱངས་ན་ཆོག་མོད་མཐོ་རིམ་སློབ་གྲྭར་རྒྱུགས་སྤྲོད་བྱ་རྒྱུའི་ཡིག་ཚད་ཀྱི་གྲས་སུ་འཇོག་གི་མ་རེད་ཅེས་བཤད་ཀྱི་འདུག དེ་ལ་རྐྱེན་བྱས་ནས་མ་འོངས་པར་བོད་དང་འབྲེལ་བའི་ཆེད་ལས་དག་མེད་པར་ཆགས་འགྲོ་ཡི་རེད། ངས་བསམ་ན་གནས་ཚུལ་དེ་ཧ་ཅང་ཛ་དྲག་ཆེན་པོ་རེད་བསམ་གི་འདུག ག་ལེ་ག་ལེར་བོད་ཡིག་དེ་མེད་པར་ཆགས་འགྲོ་ས་རེད་ཅེས་བརྗོད་འདུག
ཡང་ཁོང་གིས། ང་ཚོའི་སློབ་གསོའི་ལས་ཁུངས་ནང་དུ་ལས་དོན་གཉེར་མཁན་དག་གིས་ཡིག་ཆ་འདི་འདྲ་བཏོན་ན་སེམས་སྡུག་བཞིན་མི་འདུག་གམ། སྤྱིར་བཏང་དེ་ལ་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད་དུས་ཁག་ནི་ཁག་མི་འདུག ཡིན་ནའང་བསམ་བློ་བཏང་ན་དེ་ནི་ཡག་པོ་མ་རེད་ཅེས་སྐྱོན་བརྗོད་བྱས་འདུག་ལ། བོད་མིའི་སྤྱི་ཚོགས་སུ་ཡང་བོད་ཡིག་སྦྱང་ན་ཤེས་ཀྱི་མི་འདུག་ཟེར་ནས་མཐོ་རྒྱུགས་ནང་བོད་ཡིག་མེད་པར་བཏང་བར་དགའ་སྣང་བྱེད་མཁན་ཡང་ཡོད་པ་དེ་དག་ནི་ཐབས་སྡུག་ཡིན་སྐོར་འདི་ལྟར་གསུངས་འདུག བྱིས་པ་ཚོས་ཨང་རྩིས་དང་། རྒྱ་ཡིག དབྱིན་ཡིག་དེ་ཚོ་ཡག་པོ་ཤེས་ཀྱི་འདུག དེས་ན་བོད་ཡིག་མི་ཤེས་པའི་རྒྱུ་མཚན་ཅིའི་ཕྱིར་རེད་དམ། བསམ་བློ་ཡག་པོ་གཏོང་རོགས། བོད་ཡིག་ནི་རང་མི་རིགས་ཀྱི་སྐད་ཡིག་རེད། རང་ཉིད་ཀྱིས་མ་སྦྱངས་བ་རེད་མ་གཏོགས་མི་ཤེས་ཞེས་བཤད་ན་བཤད་ས་ཡོད་མ་རེད་ཅེས་གསུངས་འདུག
དེ་བཞིན་སློབ་ཆེན་སློབ་མ་གཞན་ཞིག་གིས་ཀྱང་། ཁོ་མོའི་སློབ་ཆེན་གྱི་སློབ་གྲོགས་གྲངས་ཉུང་མི་རིགས་ཡིན་པ་མང་པོས་རང་གི་ཕ་སྐད་ཤེས་ཀྱི་མེད་པ་མཐོང་དུས་མ་འོངས་པར་རང་ཉིད་ཀྱང་དེ་ལྟ་བུ་ཞིག་ཏུ་འགྱུར་རྒྱུ་རེད་བསམ་ནས་ཞེད་སྣང་ཡོང་ཡོད་པ་གསུང་ནས་བོད་མི་ཚང་མས་འཚོ་བའི་ནང་བོད་སྐད་ཡག་པོ་བཀོལ་སྤྱོད་བྱེད་རོགས་ཅེས་འབོད་སྐུལ་བྱས་འདུག་ལ། ཡང་དྲ་མིང་ལ་བོད་ཀྱི་ཟིན་བྲིས་ཞེས་པའི་ན་གཞོན་ཞིག་གིས་རྒྱ་སྐད་ལམ་ནས་བརྙན་ཐུང་ཞིག་སྤེལ་བའི་ནང་། མཐོ་རིམ་སློབ་མའི་ཡིག་རྒྱུགས་ཁྲོད་བོད་ཡིག་རིམ་གྱིས་ཇེ་ཉུང་དུ་ཕྱིན་ཏེ་གདམ་གའི་ངོ་བོར་བཞག་པ་དེ་ནི་དེང་སྐབས་ཚང་མས་དོ་སྣང་བྱེད་བཞིན་པའི་གནད་དོན་ཞིག་ཆགས་འདུག་འདིའི་ཐད་ཚང་མར་ལྟ་ཚུལ་མི་འདྲ་བ་ཡོད་རེད། ཁ་ཤས་ཀྱིས་བོད་ཡིག་བཀོལ་སྤྱོད་ཐད་སེམས་འཚབ་ཡོང་གི་ཡོད་ལ། ཡང་ཁ་ཤས་ཀྱིས་འདི་ནི་སློབ་གསོ་བསྒྱུར་བཅོས་ཐད་གཡོལ་ཐབས་མེད་པའི་འགྲོ་ཕྱོགས་ཞིག་ཏུ་མཐོང་གི་ཡོད་སྲིད་མོད། གང་ལྟར་གནད་དོན་འདིར་ང་ཚོས་བསམ་བློ་གཏིང་ཟབ་ས་ནས་གཏོང་དགོས་པ་གསུང་བའི་ནང་། དེང་སྐབས་སློབ་གསོའི་སྲིད་ཇུས་ཀྱི་འགྱུར་བ་དང་བསྟུན་ནས་སློབ་གྲྭ་ཁག་ཏུ་བོད་ཀྱི་སྐད་ཡིག་སྦྱོང་རྒྱུའི་གོ་སྐབས་ཇེ་ཉུང་དུ་འགྲོ་བཞིན་པ་དངོས་ཡོད་གནས་ཚུལ་ཡིན་མོད། ཡིན་ནའང་དོན་དངོས་ཐོག་སྐད་ཡིག་ཤིག་འཚོ་གནས་ཐུབ་མིན་དེ་ནི་སློབ་ཚན་སྐབས་ཀྱི་སློབ་འཁྲིད་གཅིག་པོ་ལ་བརྟེན་ནས་ཡོད་པ་ཞིག་མ་ཡིན་པར། འཚོ་བ་དངོས་ཀྱི་ནང་བདེ་སྤྱོད་བཏང་ནས་མི་རབས་ནས་མི་རབས་བར་དར་སྤེལ་གཏོང་ཐུབ་དགོས་རྒྱུ་དེ་གལ་ཆེན་པོ་རེད་ཅེས་བརྗོད་འདུག དེང་སྐབས་བོད་ནང་གི་ན་གཞོན་མང་པོ་ཞིག་ནས་བོད་སྐད་ཡིག་འདི་མཐོ་རྒྱུགས་ནས་ངེས་པར་དུ་འཇོག་དགོས་པ་དང་བོད་པ་སོ་སོས་ཀྱང་བོད་སྐད་འདི་སྦྱང་དགོས་ཀྱི་རེད་ཅེས་དྲ་ལམ་གླེང་མཁན་མང་པོ་ཡོད་པའི་ཐད་བོད་ནང་གི་བོད་མི་ཞིག་གིས། དེང་སྐབས་ཚན་རྩལ་དར་སྤེལ་དང་འབྲེལ་ནས་སྐད་ཡིག་སྦྱོང་རྒྱུའི་གོ་སྐབས་ཡང་ཇེ་མང་དུ་འགྲོ་བཞིན་ཡོད་པས། བོད་སྐད་ཡིག་གི་སློབ་འཁྲིད་ཇེ་ཉུང་དུ་བཏང་བར་སེམས་སྡུག་བྱས་ནས་བསྡད་པ་ལས། དུས་ཀྱི་འགྱུར་བ་དང་བསྟུན་ནས་གོ་སྐབས་བཟུང་ནས་བོད་ཀྱི་སྐད་ཡིག་སྦྱང་བའི་གོ་སྐབས་གསར་པར་འཇུག་ཐུབ་དགོས་རྒྱུ་དེ་ནི་ཁ་ཚ་དགོས་ཐུག་ཡིན་པ་ནན་བརྗོད་གནང་འདུག
ཡང་གནད་དོན་འདི་དང་འབྲེལ་འདི་ག་རླུང་འཕྲིན་ཁང་ནས་བོད་ཀྱི་སྤྱི་ཚོགས་རིག་པའི་འབུམ་རམས་པ་རྒྱལ་ལོ་ལགས་སུ་བཅར་འདྲི་ཞུས་སྐབས། ཁོང་གིས་ཉེ་བའི་ཆར་བོད་ཀྱི་ས་ཁུལ་ཁག་གཅིག་ནས་དངོས་གསལ་དོད་པོས་མཐོ་རྒྱུགས་ནང་བོད་ཡིག་མེད་པར་བཏང་བའི་གནས་ཚུལ་ཇེ་མང་དུ་འགྲོ་བཞིན་པ་དང་། རྩ་བའི་འདི་ནི་གནས་ཚུལ་གསར་པ་ཞིག་མ་ཡིན་པར་དེ་སྔ་ཕྱི་ལོ་ ༢༠༡༨ ཙམ་ནས་རྒྱ་ནག་གཞུང་གིས་བོད་ཀྱི་སློབ་གྲྭ་སོ་སོ་ལ་མ་འོངས་པའི་ལོ་༥ནས་༡༠འི་ནང་དུ་བོད་ཡིག་ཆ་ཚང་མེད་པར་བཟོ་ཡི་ཡིན་ཟེར་ནས་སྲིད་ཇུས་ངན་པ་དེ་བསྒྲགས་ཚར་ཡོད་པ་དང་། སྲིད་ཇུས་འདིའི་འོག་ནས་རིམ་གྱིས་མཐོ་སློབ་ནང་བོད་ཡིག་གི་སློབ་མ་མེད་པར་འགྱུར་རྒྱུའི་ཉེན་ཁ་དང་། གཉིས་ནས་དམངས་གཞིའི་སློབ་གསོའི་སྒང་ནས་བོད་ཡིག་སློབ་སྦྱོང་བྱེད་མཁན་མེད་པར་འགྱུར་ནས། མདོར་ན་སྤྱི་ཚོགས་ཀྱི་སྒྲིག་འཛུགས་ཀྱི་སྒང་ནས་བོད་ཡིག་སྦྱང་སའི་གོ་སྐབས་མེད་པར་བཟོས་ཡོད་པས། མ་འོངས་པར་བོད་ཀྱི་མི་རབས་གསར་པར་བོད་ཡིག་བོད་སྐད་ཀྱི་སྒང་ནས་ལས་ཀ་དང་སྤྱི་ཚོགས་འཛིན་སྐྱོང་སོགས་ཕར་ཞོག མཐའ་ན་ཁ་ནས་བོད་སྐད་མི་ཐོན་པའི་གནས་སུ་སྐྱེལ་གྱི་ཡོད་པ་རེད་ཅེས་གསུངས་བྱུང་། མ་ཟད་ཁོང་གིས་མུ་མཐུད། རྒྱ་ནག་གཞུང་གིས་ངོས་ནས་བོད་སྐད་ཡིག་འདི་སྒྲིག་འཛུགས་ཀྱི་ནང་ནས་ངོས་ལེན་མེད་པའི་ཐོག་ནས་མེད་པར་གཏོང་གི་ཡོད་པ་གསལ་པོ་ཡིན་དུས། བོད་ཀྱི་ཤེས་ཡོན་སློབ་གསོའི་ཐད་ལས་དོན་གཉེར་མཁན་གཙོས་མི་ཚང་མས་འདི་ལ་གདོང་ལེན་བྱེད་ཕྱོགས་ཀྱི་ཐད་བོད་ཕྱི་ནང་གཉིས་ཀ་ནས་གཞོན་སྐྱེས་ཚོའི་མཉམ་དུ་དོ་སྣང་དང་གོ་བསྡུར་བྱ་དགོས་པའི་དུས་ལ་བབ་འདུག་ཅེས་བོད་ཀྱི་སྤྱི་ཚོགས་རིག་པའི་འབུམ་པ་རྒྱལ་ལོ་ལགས་ཀྱིས་འབོད་སྐུལ་གནང་གི་འདུག
གསར་འགོད་པ། བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། བསྟན་འཛིན་པདྨ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།