བོད་ནང་རྒྱ་རིགས་ཡུལ་སྐོར་བ་མང་པོ་འབྱོར་ནས་བོད་མི་ཚོར་དཀའ་ངལ་འཕྲད་བཞིན་འདུག

2020-07-22
གློག་འཕྲིན།
མཆན།
Share
པར་བཀོད།
ལྷ་སའི་བར་སྐོར་ནང་དང་རེ་སྐུལ་གསལ་བསྒྲགས་གང་སར་ཡོད་པ། ༢༠༢༠།༧
ལྷ་སའི་བར་སྐོར་ནང་དང་རེ་སྐུལ་གསལ་བསྒྲགས་གང་སར་ཡོད་པ། ༢༠༢༠།༧
བོད་འབྱོར།

དེང་སྐབས་བོད་ཀྱི་རྒྱལ་ས་ལྷ་སའི་ནང་རྒྱ་ནག་ནང་ཁུལ་ནས་ཡུལ་སྐོར་སྤྲོ་འཆམ་པ་ཧ་ཅང་མང་པོ་འབྱོར་བཞིན་པས་ས་གནས་ཀྱི་ཁོར་ཡུག་གཙང་སྦྲ་སོགས་ཕྱོགས་མང་པོ་ནས་ས་གནས་བོད་མི་དང་མ་མཐུན་པའི་དཀའ་ངལ་འཕྲད་བཞིན་ཡོད་འདུག
དེ་ཡང་འབྲེལ་ཡོད་མི་སྣ་བརྒྱུད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་བ་ལྟར་ན། ཉེ་ལམ་རྒྱ་ནག་ནང་རྒྱ་ནག་ཝུའུ་ཧན་ནས་མཆེད་པའི་ཏོག་དབྱིབས་གསར་བའི་ནད་ཡམས་ཁྱབ་གདལ་ཇེ་ཉུང་ལ་སོང་ཚུལ་གྱིས་འགྲོ་བསྐྱོད་བཀག་སྡོམ་གུ་ཡངས་བཏང་བའི་རྗེས། རྒྱ་ནག་ནང་ཁུལ་གྱི་ས་ཁུལ་འདྲ་མིན་ནས་རྒྱ་རིགས་ཡུལ་སྐོར་བ་ཧ་ཅང་མང་པོ་བོད་ཀྱི་རྒྱལ་ས་ལྷ་སར་འབྱོར་དང་འབྱོར་མུས་ཡིན་པའི་གནས་སྟངས་འོག ཡུལ་སྐོར་མང་པོ་ཞིག་གིས་ཚོས་ལྷ་སའི་བར་སྐོར་གླིང་དང་གཙུག་ལག་ཁང་གི་མདུན། ཕོ་བྲང་པོ་ཏཱ་ལའི་མདུན་ཐང་བཅས་སུ་ཐ་མག་འཐེན་པ་དང་། གང་བྱུང་གིས་ཆུའི་འགྱིག་དམ་སྟོང་པ་སོགས་གད་སྙིགས་གང་སར་གཡུག་པ་སོགས་ཁོར་ཡུག་གཙང་སྦྲར་བདག་གཅེས་མི་བྱེད་པའི་རྒྱ་རིགས་ཡུལ་སྐོར་ཚོར་ས་གནས་བོད་མི་ཚོས་ཁོར་ཡུག་གཙར་སྦྲར་བདག་གཅེས་གནང་རོགས་ཞུས་སྐབས། བོད་མི་ཚོར་མཐོང་ཆུང་བྱེད་པ་དང་།  དེའི་རྐྱེན་པས་ཡང་ཡང་ཁ་རྩོད་ཤོར་བ་སོགས་ཕྱོགས་མང་པོ་ནས་ས་གནས་བོད་མིའི་སེམས་ཁམས་དང་གོམས་སྲོལ་ལ་མ་བསྟུན་པའི་དཀའ་ངལ་འཕྲད་བཞིན་ཡོད་པ་མ་ཟད། མཚམས་རེར་ས་གནས་བོད་མི་དང་རྒྱ་རིགས་ཡུལ་སྐོར་བའི་བར་ཁ་རྩོད་འཁྲུག་རྩོད་ཤོར་སྐབས་རྒྱ་ནག་གི་སྤྱི་བདེ་ཉེན་རྟོག་ཚན་པས་བོད་མི་ཚོར་མི་རིགས་མཐུན་སྒྲིལ་གཏོར་ཚུལ་གྱི་ཆབ་སྲིད་ཀྱི་ཉེས་བ་གཡོག་ཐབས་བྱེད་བ་སོགས་ཀྱི་དཀའ་ངལ་འཕྲད་བཞིན་པ་ངོ་སྤྲོད་གནང་བྱུང་།
ད་དུང་གནས་ཚུལ་ངོ་སྤྲོད་པས་བརྗོད་ན། ཏོག་དབྱིབས་ནད་ཡམས་ཁྱབ་གདལ་མུ་མཐུད་དུ་ཡོད་པའི་སྐབས་འདིར་བོད་ནང་འབྱོར་བའི་རྒྱ་རིགས་ཡུལ་སྐོར་བ་མང་པོ་ཞིག་གིས་སྤྱི་ཚོགས་རྒྱང་བཀྱེད་མི་བྱེད་བ་དང་། དཔེར་ན། ལྷ་སའི་བར་སྐོར་སོགས་སུ་དད་ལྡན་བོད་མི་ཚོ་གཡས་སྐོར་རྒྱབ་ནས་ཕྱག་སྐོར་ལ་བསྐྱོད་སྐབས་རྒྱ་རིགས་ཡུལ་སྐོར་བ་ཚོས་ཁ་རས་སོགས་མ་གྱོན་པར་གང་བྱུང་གཡོན་སྐོར་རྒྱབ་ནས་བསྐྱོད་མཁན་མང་པོ་མཐོང་རྒྱུ་ཡོད་པ་འགྲེལ་བརྗོད་གནང་གི་འདུག
དེ་བཞིན་གནས་སྟངས་དེའི་འོག་ད་དུང་རྒྱ་རིགས་ཡུལ་སྐོར་བ་མང་པོ་ཞིག་གིས་་བོད་ཆས་དང་འཁྲབ་ཆས་སོགས་འདྲ་མིན་གྱོན་ནས་གཙུག་ལག་ཁང་གཙོས་ལྷ་ཁང་གི་མདུན་དང་། བར་སྐོར་གླིང་བཅས་སུ་འཚང་ཁ་ཤིག་ཤིག་གིས་འཁྲབ་སྟོན་རང་བཞིན་གྱི་འདྲ་པར་ལེན་རྒྱུ་དར་ཁྱབ་ལ་འགྲོ་བཞིན་པ་དང་། དེས་དད་ལྡན་པ་ཚོའི་གནས་མཇལ་མཆོད་མཇལ་བྱེད་པའི་ལམ་ཁ་བཀག་པ་སོགས་ཀྱི་དཀའ་ངལ་འཕྲད་བཞིན་པར་བརྟེན། ཉེ་བའི་སྤྱི་ཟླ་༧་པའི་ཟླ་འགོར་ལྷ་སའི་བར་སྐོར་གླིང་གི་བྱམས་པ་ལྷ་ཁང་སོགས་བོད་བརྒྱུད་ནང་པའི་ལྷ་ཁང་ཁག་ཅིག་གི་ངོས་ནས་ཉེ་འཁོར་དུ་ཡུལ་སྐོར་བ་ཚོས་འདྲ་པར་ལེན་མི་ཆོག་པའི་རེ་སྐུལ་གསལ་བསྒྲགས་སྤེལ་ཡོད་པ་དང་། གསལ་བསྒྲགས་དེའི་ནང་། འདྲ་པར་ལེན་པར་དགའ་མཁན་གྱི་ཡུལ་སྐོར་བ་མང་པོ་དགོན་པའི་ཉེ་འཁོར་དུ་འཛོམས་ནས་འདྲ་པར་ལེན་པ་སོགས་ཀྱིས་དད་ལྡན་པ་ཚོའི་སྐོར་ལམ་དང་གནས་མཇལ་མཆོད་མཇལ་གྱི་ལམ་ཁ་འགག་པ་དང་། ཉེ་འཁོར་གྱི་ཁོར་ཡུག་བཙོག་པ་བཟོས་བ་སོགས་ཀྱི་རྐྱེན་དགོན་པའི་དགེ་འདུན་པ་དང་ཡུལ་སྐོར་བའི་བར་ཕན་ཚུན་ཁ་རྩོད་ཡང་ཁ་ཤས་ཤོར་མྱོང་བས། ད་ནས་ཕན་ཚུན་འཁྲུག་རྩོད་མི་ཡོང་བར་ཞི་མཐུན་དང་ཁོར་ཡུག་ཡག་པོ་བསྐྲུན་ཆེད་ཡུལ་སྐོར་བ་ཚོས་དགོན་པ་དང་ལྷ་ཁང་གི་ཉེ་འཁོར་དུ་མི་ཚོགས་འཛོམས་ནས་འདྲ་པར་རྒྱག་པ་སོགས་མི་བྱེད་རྒྱུའི་རེ་སྐུལ་བྱས་འདུག
སྤྱིར་བཏང་ཉེ་བའི་ལོ་ཤས་ནང་བོད་ནང་རྒྱ་རིགས་ཡུལ་སྐོར་སྤྲོ་འཆམ་པ་ཇེ་མང་དུ་སོང་བ་དང་མཉམ། རྒྱ་རིགས་ཡུལ་སྐོར་བ་ཚོས་ས་གནས་བོད་མི་ཚོའི་ཡུལ་གོམ་གཤིས་ལུགས་ལ་གུས་བརྩི་མི་བྱེད་བའི་ཐོག སྟོན་པའི་སྐུ་བརྙན་དང་མཆོད་རྟེན་གྱི་སྟེང་འཛེག་ནས་འདྲ་པར་ལེན་པ་སོགས་ཀྱི་གནས་ཚུལ་དེ་འདྲ་བྱུང་མྱོང་ཡོད་པ་རེད། ཕྱོགས་གཞན་ནས་རྒྱ་རིགས་ནང་པ་ས་ཡ་བཞི་བརྒྱ་ཙམ་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། དེ་དག་ལས་རྒྱ་རིགས་མང་པོ་ཞིག་བོད་ནང་གནས་སྐོར་དང་དགོན་སྡེ་ཁག་ལ་མཇལ་བར་ཡོང་མཁན་ཡང་ཡོད་པ་རེད།
ཉེ་བའི་སྤྱི་ཟླ་༥་བའི་ནང་རྒྱ་ནག་གཞུང་གིས་ཆ་བགོས་བྱས་བའི་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་དར་རྩེ་མདོ་ཞག་ལུང་ཕྱོགས་སུ་ཡོད་པའི། འཛམ་གླིང་རང་བྱུང་ཤུལ་བཞག་གི་ཁོངས་སུ་གཏོགས་པའི་ཞག་ལུང་རུས་འགྱུར་གྲམ་པའི་ཐོག རྒྱ་ནག་ནས་ཡོང་བའི་རྒྱ་རིགས་ཡུལ་སྐོར་བ་ཁག་གཅིག་གིས་གང་བྱུང་རླངས་འཁོར་སྐོར་རྒྱུག་གིས་རྩེད་མོ་རྩེ་ནས། ས་གནས་ཀྱི་ཁྲིམས་སྒྲིག་ལ་བརྩི་མེད་བཏང་བ་དང་། རང་བྱུང་མཛེས་ལྗོངས་ལ་གནོད་པ་བཏང་བར་བརྟེན་བོད་མི་གཙོས་ས་གནས་དམངས་ཚོགས་ཀྱིས་ཁོང་ཚོའི་བྱ་སྤྱོད་ལ་སྐྱོན་བརྗོད་དང་ཐེར་འདོན་བྱས་རྗེས་དགོངས་སེལ་ཞུས་བའི་གནས་ཚུལ་བྱུང་ཡོད་པ་རེད།
འདི་ལོ་སྤྱི་ལོ་༢༠༢༠་ལོའི་ལོ་སྟོད་ལ་བོད་ལྗོངས་ཀྱིས་ཡུལ་སྐོར་བ་ཁྲི་༨༣༣་ལྷག་ཙམ་ལ་སྣེ་ལེན་ཞུས་ཡོད་པ་དང་། དེ་རྒྱལ་ཡོངས་ཀྱི་ཡུལ་སྐོར་ཁྲོམ་ར་སླར་གསོ་བྱུང་ཚད་ཁྲོད་ཨང་དང་པོ་ཡིན་པ་རྒྱ་ནག་གཞུང་འབྲེལ་གྱི་གསར་འགྱུར་ནང་བཀོད་སྤེལ་བྱས་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།