རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་དལ་དུ་ཕྱིན་འདུག

2019-01-21
གློག་འཕྲིན།
མཆན།
Share
པར་བཀོད།
ཞེ་ཅིན་ཕེན།
ཞེ་ཅིན་ཕེན།
AFP

ཕྱི་ལོ་ ༢༠༡༨ ལོའི་ནང་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་བརྒྱ་ཆ་ ༦ དང་གྲངས་ཆུང་ ༦ ལས་བྱུང་མེད་ཅིང་། དེ་ནི་ཕྱི་ལོ་ ༡༩༩༠ ཐམ་པ་ནས་བཟུང་དཔལ་འབྱོར་འཕེལ་རྒྱས་ཚད་དམའ་ཤོས་སུ་གྱུར་ཡོད་པ་རེད། རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་དལ་དུ་ཕྱིན་ཏེ་འདས་པའི་ལོ་ངོ་ ༢༨ རིང་དཔལ་འབྱོར་འཕེལ་རྒྱས་ཚད་དམའ་ཤོས་སུ་གྱུར་པ་དེས་འཛམ་གླིང་ཁྱོན་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ངེས་ཡིན་པ་རེད། འཛམ་གླིང་ཁྱོན་ཡོངས་ཀྱི་དཔལ་འབྱོར་གྱི་བརྒྱ་ཆ་གསུམ་ཆ་གཅིག་ཙམ་རྒྱ་ནག་གི་ཚོང་འབྲེལ་དང་ལས་ཀ་སོགས་ལ་བརྟེན་དགོས་ཀྱི་ཡོད་པར་བརྟེན། རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་དལ་དུ་ཕྱིན་ན། འཛམ་གླིང་ཁྱོན་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་མར་ཆགས་ཀྱི་ཡོད་པ་རེད། ཕྱོགས་མཚུངས་རྒྱ་ནག་གི་བུ་ལོན་རི་བོ་ལྟར་ཡོད་པ་དེ་དག་གི་དཀའ་ངལ་སེལ་རྒྱུར་གུང་ཁྲན་ཏང་གི་གཞུང་ལ་ཡང་དཀའ་ངལ་འཕྲད་སྲིད་པ་རེད། རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་དལ་དུ་ཕྱིན་ཡོད་པའི་སྐོར་རྒྱ་ནག་གཞུང་གིས་གཞུང་འབྲེལ་གསལ་བསྒྲགས་གནང་ཡོད་པར་མ་ཟད། འབྱུང་འགྱུར་རྒྱ་ནག་གི་དཔལ་འབྱོར་ཐོན་སྐྱེད་བྱེད་ཕྱོགས་ཐད། གྲངས་འབོར་གཙོ་བཟུང་མིན་པར་སྤུས་ཀ་གཙོ་བཟུང་བྱ་རྒྱུ་ཡིན་ལུགས་གསུངས་ཡོད་པ་རེད། གང་ལྟར་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་དལ་དུ་མི་འགྲོ་བའི་ཆེད་དུ་རྒྱ་ནག་གཞུང་གིས་ཐབས་ཤེས་གང་ཡོད་གནང་དང་གནང་མུས་ཡིན་ཞིང་། རྒྱ་ནག་གཞུང་གིས་གཞུང་ཁྲལ་རིགས་གཅིག་གཅོག་ཆ་བྱེད་པ་དང་། རྨང་གཞིའི་འཛུགས་སྐྲུན་གཞི་རྒྱ་ཆེ་རུ་གཏོང་བ། དངུལ་ཁང་ཁག་ནང་ཟུར་འཇོག་དངུལ་གྱི་ཚད་གཞི་དམའ་རུ་བཏང་སྟེ་དངུལ་བུན་མང་ཙམ་གཏོང་རྒྱུའི་ཆ་རྐྱེན་སྐྲུན་གྱི་ཡོད་པ་རེད། རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་དམའ་རུ་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་གཅིག་ནི། ཨ་མེ་རི་ཁ་དང་ཚོང་འབྲེལ་བྱ་ཕྱོགས་ཀྱི་དཀའ་རྙོག་ཡོད་པ་དང་། དེ་བཞིན་འབྱུང་འགྱུར་དབྱིན་ཇིའི་རྒྱལ་ཁབ་དེ་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ནས་ལོགས་སུ་ཐོན་རྒྱུའི་ལས་གཞི་དེའི་ཐོག་ནས་དཔལ་འབྱོར་འཕེལ་རྒྱས་དལ་དུ་འགྲོ་རྒྱུའི་ཤུགས་རྐྱེན་ཡོང་བའི་དོགས་གཞི་ཡོད་པ་རེད།

གསར་འགོད་པ་ཚེ་བརྟན་རྣམ་རྒྱལ།

མཆན། (0)
Share
དྲ་གནས་ཆ་ཚང༌།