རྒྱ་ནག་ཏུ་ཕྲུ་གུའི་འོ་རྩམ་ལས་བྱུང་བའི་དོན་རྐྱེན་ཁྱབ་ཆེར་འགྲོ་བ།

རྒྱ་ནག་ནང་དེང་སྐབས་ཕྲུ་གུའི་འོ་རྩམ་ནང་ཕྲུ་གུའི་བདེ་ཐང་ལ་གནོད་གཞིའི་རྫས་འགྱུར་རིགས་བསྲེས་ལྷད་བཏང་བའི་དོན་རྐྱེན་ཁྱབ་ཆེ་རུ་འགྲོ་བ།

2008-09-17
Share

༄༅༎རྒྱ་ནག་ནང་དེང་སྐབས་ཕྲུ་གུའི་འོ་རྩམ་ནང་ཕྲུ་གུའི་བདེ་ཐང་ལ་གནོད་གཞིའི་རྫས་འགྱུར་རིགས་བསྲེས་ལྷད་བཏང་བའི་དོན་རྐྱེན་ཐོན་བཞིན་པའི་གནས་སྟངས་མུ་མཐུད་ཁྱབ་ཆེ་རུ་འགྲོ་བ་མ་ཟད། དེ་རིང་བར་ཕྲུ་གུ་གསུམ་སྐྱེན་ལམ་དུ་ཕྱིན་ཡོད་པ་དང་ཕྲུ་གུ་དྲུག་སྟོང་ཉིས་བརྒྱ་ནད་མནར་དུ་གྱུར་ཡོད་པར་བརྟེན་རྒྱ་ནག་གཞུང་གིས་བསྐྱར་དུ་འོ་རྩམ་བཟོ་གྲྭ་ཁག་གསུམ་གྱིས་ཁྲོམ་རའི་ཐོག་ཚོང་འགྲེམས་བྱས་ཟིན་པའི་འོ་རྩམ་རྣམས་ཕྱིར་བསློག་བྱེད་དགོས་པའི་བཀོད་ཁྱབ་བཏང་ཡོད་པ་རེད།

དེ་རིང་རྒྱ་ནག་གི་འཕྲོད་བསྟེན་བློན་ཆེན་ཁྲེན་ཀྲུའུ་ཡིས། བརྙན་འཕྲིན་ཐོག་རྒྱང་བསྲིང་བྱས་པའི་གསར་འགོད་ལྷན་ཚོགས་ཐོག་ལ་ལྕགས་སྤྲིན་ནང་གི་འོ་རྩམ་ཕྲུ་གུར་སྟེར་བའི་རྗེས་ཕྲུ་གུ་དྲུག་སྟོང་ཉིས་བརྒྱ་ཉི་ཤུ་རྩ་གཉིས་ནད་མནར་དུ་གྱུར་བ་དང་དེའི་ནང་ནས་ཕྲུ་གུ་༡༥༨མཁལ་མའི་བྱེད་ལས་ཉམས་པའི་ཛ་དྲག་གི་གནས་སྟངས་ཐོག་ལྷུང་པ་ཡོད་པ་མ་ཟད། འདས་གྲོངས་སུ་ཕྱིན་པའི་ཕྲུ་གུ་གསུམ་པ་དེ་རྒྱ་ནག་གི་ཤར་ཕྱོགས་ཀྲེ་ཅང་ཞིང་ཆེན་ནས་ཡིན་པ་བཤད་ཡོད་པ་དང༌། ད་དུང་ཕྲུ་གུ་མང་པོ་ཞིག་ཕ་མས་སྨན་ཁང་དུ་བརྟག་དཔྱད་བྱེད་དུ་འཁྲིད་འགྲོ་གི་ཡོད་པ་དེ་ཡིས་འོ་རྩམ་གྱིས་ནད་མནར་དུ་གྱུར་བའི་ཕྲུ་གུའི་གྲངས་འབོར་མང་དུ་འགྲོ་རྒྱུ་ཡིན་པའི་སྔོན་དཔགས་བྱེད་ཀྱི་ཡོད་པ་རེད། ད་བར་ཕྲུ་གུ་འདས་གྲོངས་སུ་ཕྱིན་པ་དང་ནད་མནར་དུ་གྱུར་བ་རྣམས་སན་རླུའུ་རྟགས་ཅན་གྱི་འོ་རྩམ་ནང་དུག་རྫས་བསྲེས་ལྷད་བཏང་སྟེ་བྱུང་བ་ཡིན་ཞིང༌། ཡིན་ནའང་རྒྱ་ནག་རྒྱལ་ཡོངས་སུ་ཡོད་པའི་འོ་རྩམ་བཟོ་གྲྭ་བརྒྱ་ཆ་༢༠ཙམ་ལ་བརྟག་དཔྱད་བྱས་པའི་སྐབས་དུག་རྫས་ཡོད་པའི་འོ་རྩམ་གྱི་ལྕགས་སྤྲིན་ཁྲོམ་རའི་ཐོག་ཚོང་འགྲེམས་བྱས་ཟིན་པའི་གནས་ཚུལ་ཤེས་རྟོགས་བྱུང་སྟེ་ རྒྱ་ནག་ནང་གི་འོ་རྩམ་བཟོ་གྲྭ་ཆེ་ཤོས་མེང་ནུའུ་ཞེས་པ་གཙོ་བོར་བྱས་པའི་བཟོ་གྲྭ་ཁག་གསུམ་གྱིས་བཟོ་གྲྭ་སོ་སོའི་ཐོན་སྐྱེད་འོ་རྩམ་རྣམས་འཕྲལ་དུ་ཕྱིར་བསློག་བྱེད་དུ་ཡོང་དགོས་པའི་བརྡ་ཁྱབ་བཏང་ཡོད་པ་རེད། སན་རླུའུ་བཟོ་གྲྭའི་སྤྱི་ཁྱབ་འགན་འཛིན་དང་འོ་རྩམ་ཚོང་འགྲེམས་བྱེད་མཁན་མི་བཞི་འཛིན་བཟུང་བྱས་པ་དང་སན་རླུའུ་ཚོང་ལས་ཁང་གཙོ་བོ་རྟེན་གཞི་བྱེད་ཡུལ་རྒྱ་ནག་གི་ཧེ་བེ་ཞིང་ཆེན་གྱི་ཧྲི་ཅ་ཀྲོང་ནང་གི་དཔོན་རིགས་བཞི་ལས་གནས་ནས་ཕྱིར་འབུད་བཏང་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།