སྲིད་སྐྱོང་གི་ལྷོ་ཨ་ཧྥེ་རི་ཀའི་ཕྱོགས་བསྐྱོད་ལ་རྒྱ་ནག་གིས་སྐྱོན་བརྗོད་དང་ངོ་རྒོལ།

2018-02-09
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
བོད་དོན་རྒྱབ་སྐྱོར་བ་ལྕམ་(Sandy Kalyan) མཆོག་དང་ལྷན།
བོད་དོན་རྒྱབ་སྐྱོར་བ་ལྕམ་(Sandy Kalyan) མཆོག་དང་ལྷན།
tibet.net

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ལྷོ་ཨ་ཧྥེ་རི་ཀའི་ནང་བསྐྱོད་པ་དེར་རྒྱ་ནག་གིས་སྐྱོན་བརྗོད་དང་ངོ་རྒོལ་བྱས་འདུག
དེ་ཡང་རེས་གཟའ་ཕུར་བའི་ཉིན་པི་རེ་ཊོ་ཡ་(Pretoria)ནང་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་གིས། ལྷོ་ཨ་ཧྥེ་རི་ཀས་བཙན་བྱོལ་བོད་མིའི་སྲིད་སྐྱོང་བློ་བཟང་སེངྒེ་ཡུལ་དེར་བསྐྱོད་བཅུག་པ་དེ། ད་བར་དམ་འཛིན་བྱས་པའི་རྒྱ་ནག་གཅིག་གི་སྲིད་ཇུས་དང་ཡོངས་སུ་འགལ་བས་རྒྱ་ནག་དང་ལྷོ་ཨ་ཧྥེ་རི་ཀའི་ཆབ་སྲིད་ཀྱི་མཛའ་འབྲེལ་ལ་གནོད་ཡོད་ལུགས་སྐྱོན་བརྗོད་དྲག་པོ་དང་སྦྲགས་རྒྱ་ནག་གིས་ལྷོ་ཨ་ཧྥེ་རི་ཀའི་ནང་འཛུགས་སྐྲུན་ཆེད་མ་དངུལ་འཛུགས་རྒྱུར་འགལ་རྐྱེན་འཕྲད་རྒྱུའི་ཉེན་བརྡ་བཏང་ཡོད་འདུག
ལྷོ་ཨ་ཧྥེ་རི་ཀའི་གཞུང་གིས་རྒྱ་ནག་གི་སྐྱོན་བརྗོད་དང་ངོ་རྒོལ་དེའི་ཐད་བློ་འཚབ་བྱུང་ཡོད་རུང་ད་བར་བསྟུན་མཁས་ཀྱིས་ལན་འདེབས་གང་ཡང་གནང་མི་འདུག འོན་ཀྱང་འབྲེལ་ཡོད་དཔོན་རིགས་ཚོས་བློ་བཟང་སེངྒེ་ཨ་མི་རི་ཀའི་ལག་འཁྱེར་ཐོག་བསྐྱོད་པར་བརྟེན་མཐོང་མཆན་(visa)དགོས་ཀྱི་མེད་པའི་ཁར་ཁོང་ལྷོ་ཨ་ཧྥེ་རི་ཀའི་ཨིནྐ་ཐ་ (Inkatha) རང་དབང་ཚོགས་པས་གདན་ཞུ་གནང་བར་བརྟེན་གཞུང་གིས་ཐེ་ཇུས་གནང་བདེ་མེད་ལུགས་གསུངས་ཡོད་འདུག
གཞན་འདི་ཚེས་༨་རེས་གཟའ་ཕུར་བའི་ཉིན་སྲིད་སྐྱོང་གིས། ཨ་ཧྥེ་རི་ཀའི་སེཊེ་ལེན་བྷོཤེ་(Stellenbosch)གཙུག་ལག་སློབ་གྲའི་ཁྲིམས་སློབ་ཚན་པས་གོ་སྒྲིག་ཞུས་པའི་འདུ་འཛོམས་ཐོག་གསུང་བཤད་གནང་གཏན་འཁེལ་བ་དེར་ས་གནས་ཀྱི་རྒྱ་མི་ཚོས་ངོ་རྒོལ་བྱས་རྗེས་ཕྱིར་བསྡུ་གནང་དགོས་བྱུང་ཡོད་ལུཊ་ས་གནས་ནས་གནས་ཚུལ་སྤེལ་འདུག འོན་ཀྱང་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་རྒྱའི་ཐོག་སྲིད་སྐྱོང་གིས་གོང་ཞུས་གཙུག་ལག་སློབ་གྲར་ཆུ་ཚོད་ཕྱེད་ཀའི་རང་གཏམ་བཤད་གནང་ཡོད་ལུགས་གནས་ཚུལ་སྤེལ་འདུག
འདས་པའི་ལོ་དགུའི་ནང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལྷོ་ཨ་ཧྥེ་རི་ཀའི་ནང་ཆིབས་བསྒྱུར་ཐེངས་གསུམ་བསྐྱངས་རྩིས་གནང་ཡོད་ཀྱང་ལྷོ་ཨ་ཧྥེ་རི་ཀས་རྒྱ་ནག་གི་གནོན་ཤུགས་ཁོ་ནའི་འོག་མཐོང་མཆན་ཕུལ་མེད་པ་རེད།
ཚེས་ ༨ ཉིན་ལྷོ་ཨ་ཧྥི་རི་ཀའི་གྲོང་ཁྱེར་ཁེབ་ཊོན་ (Cape Town)་གྱི་ཨུ་བྷུན་ཐུ་ལུས་སེམས་བདེ་ཐང་ལྟེ་གནས་ཁང་ (Ubuntu Wellness Centre)་དུ་ཞི་བདེ་མེ་ལྕེ་ (Peace Torch)གོམ་འགྲོད་ལས་འགུལ་དབུ་འཛུགས་གནང་འདུག
སྐབས་དེར་ལྷོ་ཨ་ཧྥེ་རི་ཀ་ཨིན་ཁ་ཐ་རང་དབང་ཆབ་སྲིད་ཚོགས་པའི་ (Inkatha Freedom Party)་ཚོགས་གཙོ་རྒྱལ་སྲས་མོན་གྷོ་སུ་ཐུ་བྷུ་ཐེ་ལེ་ཛི་(Mangosuthu Buthelezi)་མཆོག་ཆེད་ཕེབས་ཀྱིས་དབུ་ཁྲིད་རྣམ་གཉིས་ཀྱིས་ཞི་བདེ་མེ་ལྕེ་གོམ་བགྲོད་དབུ་འབྱེད་གནང་རྗེས། བོད་མི་རྣམས་ཀྱིས་མེ་ལྕེ་ལག་ཏུ་བཟུང་ནས་བོད་དོན་ཆེད་ཞི་བའི་གོམ་འགྲོད་ཀྱི་ལས་འགུལ་སྤེལ་འདུག

གསར་འགོད་པ་ཀརྨ་རྒྱ་མཚོ་དང་། སྟག་ལྷ་རྒྱལ།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།
དྲ་གནས་ཆ་ཚང༌།