༢༠༢༦ ལོའི་ FIFA འཛམ་གླིང་རྐང་རྩེད་སྤོ་ལོའི་རྒྱལ་ཡོངས་འགྲན་སྡུར་གྱི་སྔོན་འགྲོའི་རྩེད་འགྲན་སྐབས་ཉི་ཧོང་གྱིས་རྒྱ་ནག་གི་རུ་ཁག་ཕམ་ཉེས་བཏང་པ།
དེ་ཡང་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ལས་ཁང་གི་རྒྱ་སྐད་སྡེ་ཚན་གྱིས་གསར་འགྱུར་བཏོན་པའི་ནང་ཕྱི་ལོ་ ༢༠༢༦ ལོའི་ FIFA རྐང་རྩེད་སྤོ་ལོའི་སྔོན་འགྲོའི་འགྲན་རྩེད་ཞིག་ཁ་ཉིན་རེས་གཟའ་ཕུར་བུ་ཉིན་ཉི་ཧོང་གི་གྲོང་ཁྱེར་ཀྲོག་ཡོ་གི་ Saitama ཞེས་པའི་གྲོང་ཁྱེར་དེར་ཉི་ཧོང་གི་རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་རུ་ཁག་དང་རྒྱ་ནག་གི་རྐང་རྩེད་སྤོ་ལོའི་རུ་ཁག་གཉིས་བར་འགྲན་རྩེད་གནང་སྐབས་ཉི་ཧོང་གི་རུ་ཁག་ལ་སྤོ་ལོ་བདུན་དང་རྒྱ་ནག་ལ་ཀླད་ཀོར་བྱས་ནས་ཕམ་ཁ་ཆེན་པོ་བྱུང་ཡོད་པ་རེད་འདུག རྒྱ་ནག་གི་རྐང་རྩེད་སྤོ་ལོར་དགའ་པོ་བྱེད་མཁན་ Zhao Xiang ཟེར་བ་ཞིག་གིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ལས་ཁང་ལ་བརྗོད་པར། འདིའི་ཐོག་སྐད་ཆ་བཤད་པ་ཙམ་གྱིས་ངོ་ཚ་དགོས་པ་ཞིག་རེད་ ང་ཚོས་དཀའ་ངལ་འདི་ཚོ་སེལ་མ་ཐུབ་པ་གང་ཡིན་ནམ་། ངའི་བསམ་པར་རྒྱ་མི་རིགས་ཀྱི་ལུས་སྟོབས་ཀྱི་གནད་དོན་ཞིག་མ་རེད་། ཀོ་རི་ཡ་དང་ཉི་ཧོང་གི་མི་རིགས་རྣམས་ཨེ་ཤི་ཡའི་མི་རིགས་རེད་། ཁོང་ཚོ་འཛམ་གླིང་གི་རྐང་རྩེད་སྤོ་ལོའི་འགྲན་རྩེད་ནང་ཚུད་ཐུབ་ཀྱི་ཡོད་པ་རེད། ང་ཚོ་ག་རེ་བྱས་ནས་ཚུད་ཀྱི་ཡོད་པ་མ་རེད་ཅེས་དྲི་བའི་ཚུལ་དུ་སྐྱོན་བརྗོད་བྱས་ཡོད་པ་རེད་འདུག ཡང་རྒྱ་ནག་གི་ཧྲན་ཏུང་ཞིང་ཆེན་གཞུང་གི་གཉེར་བའི་དྲ་རྒྱའི་ཐོག་ཕྱི་ཟླ་ ༩ པའི་ཚེས་ ༥ ཉིན་ནི་རྒྱ་ནག་གི་རྐང་རྩེད་སྤོ་ལོ་བ་ཚོ་ངོ་ཚ་དགོས་པའི་ཉིན་མོ་ཞིག་རེད་ཅེས་མཆན་བཀོད་ཡོད་པ་རེད་འདུག
ཡང་སྔ་ལོ་སྤྱི་ཟླ༡༡པའི་ནང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་ཐེ་ལན་ཏྲའི་སྲིད་བློན་རྣམ་གཉིས་ཨ་རིའི་གྲོང་ཁྱེར་སམ་ཕི་སི་ཁོSan Franciscoནང་ཞི་བདེ་རྒྱ་མཚོའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཞོར་དུ་ཐུག་ཕྲད་ཀྱིས་ཁ་བརྡ་བྱེད་པའི་སྐབས་སུ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཁོང་རང་ཉིད་རྐང་རྩེད་སྤོ་ལོ་དགའ་ཞེན་ཡོད་མཁན་ཞིག་ཡིན་སྐོར་དང་།ཡང་ཁོང་གིས་ང་ཚོའི་རྒྱལ་ཡོངས་རྐང་རྩེ་སྤོ་ལོ་རུ་ཁག་གིས་ཐེ་ལན་ཏྲིའི་རྒྱལ་ཡོངས་རྐང་རྩེད་སྤོ་ལོ་རུ་ཁག་ཐེངས་གཅིག་ཕམ་པར་བཏང་བ་དེ་ཡང་ང་ཚོ་ལམ་འགྲོ་རྒྱུགས་པ་རེད།ངས་ང་ཚོའི་རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་རུ་ཁག་གི་གནས་ཚད་ལ་གདེང་ཚོད་མེད་ཅེས་བརྗོད་པའི་བརྙན་ཞིག་སྤྱི་ཚོགས་བརྒྱུད་ལམ་x ཐོག་ཤུགས་ཆེ་ཁྱབ་ཡོད་པ་རེད
རྒྱ་ནག་གི་རྐང་རྩེད་སྤོ་ལོར་དགའ་ཞེན་བྱེད་མཁན་མང་པོ་ཞིག་གིས་ད་ཐེངས་ཉི་ཧོང་ནང་རྒྱ་ནག་གི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་དེར་རྒྱ་ནག་ལ་ཕམ་ཀ་ཆེན་པོ་དེ་རྐང་རྩེད་སྤོ་ལོ་རུ་ཁག་གི་སློབ་སྟོན་པ་ཡོ་རོབ་ཀྱི་ Croatia རྒྱལ་ཁབ་ནས་ཡིན་པའི་ Branko Ivankovic ལ་ཁག་དཀྲི་གཡོག་ཀྱང་རྒྱ་མི་གཞན་ཁག་གིས་ཁོང་ལ་ལེ་ཁག་མེད་པའི་སྐོར་ལན་འདེབས་བྱེད་མཁན་ཡང་ཡོད་པའི་སྐོར་སོགས་གནས་ཚུལ་ནང་བཀོད་འདུག
ཉི་ཧོང་ནི་ཨེ་ཤེ་ཡའི་ནང་གི་རྐང་རྩེད་སྤོ་ལོའི་རྩེས་འགྲན་རུ་ཁག་ཡག་ཤོས་ཤིག་ཡིན་པ་དང་། ༡༩༩༨ ལོ་ནས་བཟུང་ཁོ་ཚོ་འཛམ་གླིང་རྐང་རྩེད་སྤོ་ལོའི་རྩེད་འགྲན་ནང་ཚུད་ནས་འགྲན་བསྡུར་ནང་ཞུགས་ཀྱི་ཡོད། དུས་མཚུངས་སུ་རྒྱ་ནག་ནི་ཕྱི་ལོ ༢༠༠༢ ལོར་ཐེངས་གཅིག་མ་གཏོགས་འགྲན་བསྡུར་ནང་ཞུགས་ཐུབ་མེད། དེར་བརྟེན་རྒྱ་ནག་ད་ཐེངས་ཕམ་ཉེས་བྱུང་བ་ནི་ཧ་ལས་དགོས་པ་ཞིག་མིན། འོན་ཀྱང་། རེས་གཟའ་ཕུར་བུ་ཡི་འགྲན་བསྡུར་ནང་རྒྱ་ནག་ལ་ཉི་ཧོང་གིས་བདུན་དང་ཀླད་ཀོར་གྱིས་ཕམ་ཉེས་བཏང་བ་དེ་ནི། རྒྱ་ནག་གི་རྐང་རྕེད་སྤོ་ལོ་ལ་དགའ་ཞེན་བྱེད་མཁན་མང་པོ་ཞིག་ལ་བློ་ཡུལ་ལས་མ་ཤོང་བ་བྱུང་འདུག་།
གསར་འགོད་པ། ལྷུན་གྲུབ་ཚེ་རིང་།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།