ལྷ་སར་དགེ་ལས་སློབ་ཕྲུག་རྣམས་ལྔ་མཆོད་ཀྱི་ཆོས་ཕྱོགས་བྱེད་སྒོ་ཁག་ལ་ཞུགས་རྒྱུར་བཀག་འགོག་བྱས་ཡོད་པ།

2018-12-05
གློག་འཕྲིན།
མཆན།
Share
པར་བཀོད།
དགའ་ལྡན་ལྔ་མཆོད་སྐབས་ལྷ་ལྡན་གཙུག་ལག་ཁང་གི་མདུན། ༢༠༡༨།༡༢།༢
དགའ་ལྡན་ལྔ་མཆོད་སྐབས་ལྷ་ལྡན་གཙུག་ལག་ཁང་གི་མདུན། ༢༠༡༨།༡༢།༢
བོད་འབྱོར།

ད་ལོའི་དགའ་ལྡན་ལྔ་མཆོད་ཀྱི་སྐབས་སུ་བོད་ཀྱི་རྒྱལ་ས་ལྷ་སའི་ཉེ་འཁོར་གྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ཚང་མར་རྒྱུན་ལྡན་གྱི་གཟའ་མཇུག་གུང་སེང་མ་བཏང་པར་གཟའ་འཁོར་གཉིས་བསྟུད་མར་སློབ་ཚན་འཚོགས་ནས་དགེ་ལས་སློབ་ཕྲུག་རྣམས་ལྔ་མཆོད་ཀྱི་ཆོས་ཕྱོགས་བྱེད་སྒོ་ཁག་ལ་ཞུགས་རྒྱུར་བཀག་འགོག་བྱས་ཡོད་པ་རེད། དེ་ཡང་སྤྱི་ཚེས་ ༤ ཉིན་ལྷ་སར་ཡོད་པའི་འབྲེལ་ཡོད་བོད་མི་ཞིག་གིས་འདི་ག་རླུང་འཕྲིན་ཁང་ལ་གསུང་ན། ད་ལོའི་དགའ་ལྡན་ལྔ་མཆོད་ཆེན་མོ་དེ་བཞིན་གཟའ་མཇུག་ཏུ་ཁེལ་བའི་རྐྱེན་གྱིས་ལྷ་སའི་ཉེ་འཁོར་དུ་ཡོད་པའི་མཐོ་རིམ་སློབ་འབྲིང་དང་། སློབ་འབྲིང་། དེ་བཞིན་སློབ་ཆུང་བཅས་ཚང་མར་རྒྱུན་ལྡན་གྱི་གཟའ་འཇུག་གུང་སེང་མ་བཏང་པར་བསྟུད་་མར་གཟའ་འཁོར་གཉིས་རིང་མུ་མཐུད་ནས་སློབ་ཚན་འཚོགས་ཡོད་ཅིང་། དམིགས་བསལ་་ཞག་སྡོད་སློབ་མ་རྣམས་ལ་རེས་གཟའ་པ་སངས་ཉིན་གྱི་དགོང་མོར་ཁྱིམ་བདག་རྣམས་སློབ་གྲར་ཡོང་ནས་ཐུག་ཏུ་བཅུག་སྟེ་གྱོན་གོས་བརྗེ་ལེན་དང་། ཟ་མ་སོགས་སྐྱེལ་བཅུག་ཡོད་པ་འགྲེལ་བརྗོད་གནང་གི་འདུག  ཡང་གནས་ཚུལ་མཁོ་སྤྲོད་པས་མུ་མཐུད་དུ་གསུང་ན། བཞི་མཆོད་དང་ལྔ་མཆོད་གཉིས་ཀའི་རིང་ལྷ་ལྡན་གཙུག་ལག་ཁང་གི་མདུན་དང་། བར་སྐོར་ཁྱོན་ཡོངས་སུ་དམག་མི་ཁྱོན་ཆེ་སྒྲིག་འཇོག་བྱས་སྟེ། དད་ལྡན་མང་ཚོགས་རྣམས་དམག་མིའི་གྲལ་སྟར་གྱི་དཀྱིལ་ནས་གཙུག་ལག་ཁང་གི་མཆོད་མེའི་ཞལ་མཇལ་བྱེད་བཅུག་ཡོད་པས་ན། སེམས་ནང་སྐྱིད་པོ་གཏན་ནས་མེད་པ་མ་ཟད། དམིགས་བསལ་གཙུག་ལག་ཁང་གི་མདུན་ནས་སྨོན་ལམ་རེ་རྒྱག་དགོས་བསམ་ཀྱང་། དམག་མི་ཚོས་འདེད་ནས་སྐར་ཆ་རེ་ཡང་འདུག་མ་བཅུག་པར་བཙན་གྱིས་མདུན་དུ་འགྲོ་བཅུག་གི་ཡོད་སྐོར་འགྲེལ་བརྗོད་གནང་གི་འདུག  དེ་བཞིན་དྲ་ཐོག་ཏུ་ཁྱབ་པའི་ལྷ་སའི་དགའ་ལྡན་ལྔ་མཆོད་སྐབས་ཀྱི་བརྙན་པར་ཁག་གི་ནང་དུ་ཡང་། ཕྱོགས་གཉིས་སུ་དམག་མིའི་གྲལ་བསྟར་སྒྲིག་པའི་དཀྱིལ་ནས་མང་ཚོགས་རྣམས་སྐོར་རར་འགྲོ་བཞིན་པ་མཐོང་རྒྱུ་འདུག་ལ། དམག་མི་ཚོས་རྒྱང་བསྒྲགས་ཀྱི་ནང་ནས་རྒྱ་སྐད་དང་བོད་སྐད་གཉིས་ཀའི་ཐོག་ནས་མང་ཚོགས་རྣམས་ལ་འདུག་མ་འདུག་མདུན་དུ་སོང་ཞེས་འབོད་བཞིན་པ་གོ་རྒྱུ་འདུག

གསར་འགོད་པ་བསོད་ནམས་ལྷ་མོ།

མཆན། (0)
Share
དྲ་གནས་ཆ་ཚང༌།