བོད་རིགས་ལུས་རྩལ་བ་ཆོས་དབྱིངས་སྐྱིད་ལགས་ཀྱིས་ལུས་རྩལ་སྦྱོང་བརྡར་གྱི་སྒར་ཞིག་ཆེད་འཛུགས་བྱས་པར་བོད་མི་ཚོས་དྲ་ལམ་དུ་དགའ་བསུ་བྱེད་བཞིན་འདུག
ཕྱི་ལོ་ ༢༠༢༤ ཕྱི་ཟླ་ ༩ ནང་བོད་རིགས་ལུས་རྩལ་བ་དང་རྒྱལ་སྤྱིའི་ཨོ་ལིམ་པིཀསི་རྩེད་འགྲན་ནང་གསེར་གྱི་རྟགས་མ་ཐོག་མར་ལེན་མཁན་འདུར་རྒྱུག་ལུས་རྩལ་བ་ཆོས་དབྱིངས་སྐྱིད་ལགས་ཀྱིས། རྒྱ་ནག་གཞུང་གིས་དབྱེས་བའི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་དུ། ཕུགས་བསམ་དོན་གཉེར་བྱེད་ཅེས་པའི་བརྗོད་དོན་འོག་ལུས་རྩལ་སྦྱོང་བརྡར་གྱི་སྒར་ས་ཞིག་ཆེད་འཛུགས་བྱས་ཡོད་པ་དང་། ཆོས་དབྱིངས་སྐྱིད་ལགས་ཀྱིས་སྤྱི་ཚོགས་དྲ་ལམ་དུ་རྗེས་ཕྱོགས་ལུས་རྩལ་སྦྱོང་བརྡར་གྱི་སྒར་ས་དེའི་བརྒྱུད། རང་གིས་ལུས་རྩལ་ཐད་གང་ཤེས་པ་སློབ་ཕྲུག་ཚོར་སྦས་གསང་གང་ཡང་མེད་པར་སློབ་ཁྲིད་བྱ་རྒྱུ་ཡིན་པ་བརྗོད་འདུག་ལ། བོད་མི་ཚོས་སྤྱི་ཚོགས་དྲ་ལམ་ཁག་ཏུ་མ་འོངས་པར་ཆོས་དབྱིངས་སྐྱིད་འདྲ་བའི་བོད་མི་ལུས་རྩལ་བ་གང་མང་ཐོན་པའི་རེ་བ་ཡོད་སོགས་ཀྱི་དགའ་བསུ་ཤུགས་ཆེར་བྱེད་བཞིན་འདུག
ཐེངས་འདིར་བོད་མི་ལུས་རྩལ་བ་ཆོས་དབྱིངས་སྐྱིད་ལགས་ཀྱིས་ཆེད་འཛུགས་བྱས་པའི་ལུས་རྩལ་སྦྱོང་བརྡར་གྱི་སྒར་ས་དེར། ལུས་སྦྱོང་སློབ་མ་ ༣༠ བསྡུ་ལེན་བྱས་ཏེ། ལུས་རྩལ་རྩེད་འགྲན་སོགས་ཀྱི་སྐབས་སུ་རྩལ་ནུས་དང་ཟུངས་ནུས། ལུས་སྦྱོང་ཁྲོད་ཀྱི་རྨས་སྐྱོན་སྔོན་འགོག འཚོ་བཅུད་སོགས་ཀྱི་ཐད་ནས་སློབ་ཁྲིད་དང་སྦྱོང་བརྡར་སོགས་བྱེད་བཞིན་ཡོད་པ་དང་། ཁོང་མོས་ལུས་རྩལ་སྦྱོང་བརྡར་གྱི་སྒར་ས་དེ་འདྲ་ཞིག་གཉེར་བར་བོད་ནང་གི་བོད་མི་ཚོས་སྤྱི་ཚོགས་དྲ་ལམ་དུ། ཆོས་དབྱིངས་སྐྱིད་ཀྱིས་རང་གི་རྩལ་ནུས་སྦྱོང་བརྡར་དེ་གཞན་ལ་སློབ་ཐུབ་པ་དེ་ཁོང་རང་ཉིད་ཀྱི་འཇོན་ནུས་དང་། ལུས་རྩལ་བ་ཡག་པོ་ཞིག་གསོ་སྐྱོང་ཐུབ་པ་ཡིན་ན་མི་རིགས་ཀྱི་གཟི་བརྗིད་ཡིན་པ་སོགས་ཀྱི་བསྟོད་བསྔགས་བཏང་འདུག
ཆོས་དབྱིངས་སྐྱིད་ལགས་ནི་ཕྱི་ལོ་ ༡༩༩༠ ལོར་བོད་མདོ་སྨད་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཟེར་བའི་མདའ་བཞི་རྫོང་ཝ་འཇོག་ཡུལ་ཚོའི་བོད་པའི་འབྲོག་ཁྱིམ་དཀྱུས་མ་ཞིག་ཏུ་སྐྱེས་ཤིང་། ཕྱི་ལོ་ ༢༠༡༢ ལོར་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་དུ་རྒྱལ་སྤྱིའི་ཨོ་ལིམ་པིཀསི་རྩེད་འགྲན་ནང་སྤྱི་ལེ་ ༢༠ ཡི་འདུར་རྒྱུག་འགྲན་བསྡུར་ནང་གསེར་གྱི་རྟགས་མ་ཐོབ་པ་མ་ཟད། སྐབས་དེར་ཆུ་ཚོད་ ༡ དང་སྐར་མ་ ༢༥ སྐར་ཆ་ ༡༦ གྱིས་ཨེ་ཤེ་ཡའི་རྩེད་འགྲན་པའི་ལོ་རྒྱུས་ཀྱི་ཟིན་ཐོ་བཀོད་ཡོད་པ་རེད། ཕྱི་ལོ་ ༢༠༢༤ ཟླ་ ༨ ནང་ཧྥ་རན་སིའི་ཨོ་ལོམ་པིཀསི་རྩེད་འགྲན་ཁྲོད་མཉམ་ཞུགས་དང་འབྲེལ། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་གྱི་གསར་འགོད་པར། ད་རེས་ཀྱི་འགྲན་བསྡུར་མཇུག་འབྲས་ཅུང་སེམས་སྐྱོ་དགོས་པ་ཞིག་ཆགས་སོང་ཡང་། ཁོང་མོའི་ཤུགས་རྐྱེན་ལས་དེང་སྐབས་རྒྱང་རྒྱུག་འགྲན་སྡུར་གཙོས་རྩེད་འགྲན་ཁག་གི་ནང་བོད་རིགས་ལུས་རྩལ་བ་མཉམ་ཞུགས་བྱེད་མཁན་ཇེ་མང་ཡིན་པས་སེམས་པ་དགའ་སྣང་ཡོང་གི་ཡོད་ཅེས་ལན་འདེབས་གནང་ཡོད་པ་རེད།།
གསར་འགོད་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་རྩོམ་སྒྲིག་པ། བཀྲིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།