ཆོས་དབྱིངས་སྐྱིད་ལགས་ཀྱིས་ནུས་ཤུགས་ཡོད་ཚད་བཏོན་ནས་ཨོ་ལོམ་པིཀསི་ཀྱི་རྩེད་འགྲན་ཁྲོད་གསེར་གྱི་རྟགས་མ་ལེན་འདོད་ཅེས་བརྗོད་འདུག
ཆོས་དབྱིངས་སྐྱིད་ལགས་ཀྱིས་ཁོང་མོ་ད་རེས་ཨོ་ལིམ་པིཀསི་རྩེད་འགྲན་ལ་ཞུགས་ཐེངས་མཐའ་མ་ཡང་ཡིན་སྲིད་པས་ནུས་ཤུགས་ཡོད་ཚད་བཏོན་ནས་འབད་བརྩོན་བྱེད་རྒྱུ་ཡིན་ཞེས་བརྗོད་འདུག་ལ་བོད་ནང་ནས་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་ཁོང་ལ་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེ་ཐོན་ཞིང་། ཁག་ཅིག་གིས་གངས་རིའི་སྲས་མོ་ཞེས་འབོད་བཞིན་འདུག
བོད་མི་འདུར་རྒྱུག་ལུས་རྩལ་པ་ཆོས་དབྱིངས་སྐྱིད་ལགས་ཀྱིས་ཕྱི་ཟླ་ ༨ ཚེས་ ༧ ཉིན་སྐྱེས་པ་དང་བེུད་མཉམ་བསྲེས་ཀྱི་འདུར་རྒྱུག་འགྲན་བསྡུར་གནང་རྒྱུ་ཡིན་པ་ལྟར། ཕྱི་ཟླ་༨ ཚེས་ ༥ ཉིན་མཚོ་ནུབ་གཏེར་ལེན་ཁ་གྲོང་ཁྱེར་གྱི་ཚགས་པར་སོགས་གསར་ལམ་ཁག་ཅིག་གི་བཅར་འདྲིར་ཆོས་དབྱིངས་སྐྱིད་ལགས་ཀྱིས། ངའི་ངོས་ནས་བཤད་ན། ང་ད་དུང་ཡང་རྟགས་མ་ལེན་སའི་སྟེགས་བུའི་སྟེང་ལངས་ན་འདོད་ཡོད། རྒྱུ་མཚན་ངས་ཨོ་ལིམ་པིཀསི་ (Olympics) རྟགས་མ་ལེན་འདོད། རྟགས་མ་དེ་ཡང་གསེར་གྱི་རྟགས་མ་ལེན་འདོད། ད་བར་དུ་ང་ལ་རྒྱབ་སྐྱོར་བྱེད་མཁན་ཚོར་ཐུགས་རྗེ་ཆེ་ཞུ། ང་ཨོ་ལིམ་པིཀསི་རྩེད་འགྲན་ནང་ཞུགས་པ་ཐེངས་བཞི་པ་ཡིན་ལ་ད་རེས་འདིར་ཞུགས་ཐེངས་མཐའ་མ་ཡང་ཡིན་སྲིད་པས་ངས་ནུས་ཤུགས་ཡོད་ཚད་བཏོན་ནས་འབད་བརྩོན་བྱེད་རྒྱུ་ཡིན་ཞེས་བརྗོད་འདུག
བོད་ནང་ནས་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཆོས་དབྱིངས་སྐྱིད་ལགས་སུ་རྩེད་འགྲན་ལམ་ལྷོངས་ལྡན་པ་འབྱུང་བར་སྨོན་པའི་བྱང་བུ་སྒྲིག་བཟོ་བྱས་པ་མང་པོ་ཞིག་བརྒྱུད་བསྐུར་བྱེད་བཞིན་པའི་ཁྲོད། ཚང་མས་གངས་རིའི་བུ་མོ་ཆོས་དབྱིངས་སྐྱིད་འགྲན་བསྡུར་གྱི་སྟེང་དུ་ཁོ་མོ་འགྲན་བསྡུར་ལས་རྣམ་པར་རྒྱལ་བར་ཤོག (གངས་རིའི་སྲས་མོ་) བསམ་དོན་འགྲུབ་པར་སྨོན་ཞེས་སོགས་སྒྲོག་བཞིན་འདུག ཡང་གཅིག་གིས་ཁོང་མོ་སླར་ཡང་ཨོ་རྩལ་འགྲན་ཚོགས་ཐོག་གྲུབ་འབྲས་གཡུར་དུ་ཟ་བའི་སྨོན་འདུན་ཞུ་ཞེས་བཀོད་འདུག མ་ཟད་བོད་ནང་ནས་བོད་མི་མང་པོས་སྤྱི་ཚོགས་དྲྭ་ལམ་ཐོག་ཆོས་དབྱིངས་སྐྱིད་ལགས་ཀྱིས་རྒྱབ་སྐྱོར་གནང་མཁན་ལ་ཐུགས་རྗེ་ཆེ་ཞུ་བའི་བརྙན་གྱི་འོག་ན་མཆན་བཀོད་དེ་འཚམས་འདྲི་ཞུ་མཁན་ཧ་ཅང་མང་པོ་བྱུང་བཞིན་ཡོད་པ་འབྲེལ་ཡོད་བོད་ནང་གི་བོད་མི་ཁག་ཅིག་གིས་གནས་ཚུལ་ངོ་སྤྲོད་གནང་བྱུང་།
ད་རེས་ཕ་རན་སི་ནང་གི་བོད་མི་ཚོས་དོ་སྣང་ཆེན་པོ་གནང་སྟེ་ཁོང་གི་འགྲན་བསྡུར་སྐབས་རྒྱབ་སྐྱོར་གནང་པར་བཅར་རྒྱུ་ཡིན་པ་བརྗོད་བཞིན་པ་མ་ཟད། རྒྱ་ནག་ནང་ཁུལ་ནས་འདིར་དོ་སྣང་བྱེད་བཞིན་ཡོད་འདུག ཤེས་རྟོགས་བྱུང་པར་གཞིགས་ན། རྒྱ་ནག་ནང་གི་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཧྥ་རན་སི་ཨོ་ལིམ་པིཀསི་ཀྱི་རྩེད་འགྲན་ཁྲོད་ཀྱི་མང་ཚོགས་ཀྱིས་ངང་སྒུག་མང་ཤོས་བྱེད་པའི་རྩེད་འགྲན་པ་བཅུའི་ཁོངས་སུ་ཆོས་དབྱིངས་སྐྱིད་ལགས་ཚུད་ཡོད་འདུག
པེ་རིསི་ཨོ་ལིམ་པིཀསི་རྩེད་འགྲན་སྐབས་འདིར་རྒྱ་ནག་ཕྱོགས་ནས་རྒྱུགས་མཆོང་འཕེན་གསུམ་གྱི་རྩེད་མོར་འགྲན་ཞུགས་པའི་ཁྲོད་སྐྱེས་པ་ ༢༧ དང་བེུད་ ༢༧ ཡོད་པའི་ནང་འདུར་རྒྱུག་རྩེད་འགྲན་པ་བུད་མེད་གསུམ་གྱི་མིང་འདོན་བྱས་པའི་ཁྲོད་ཨོ་ལིམ་པིཀསི་ནང་གསེར་གྱི་རྟགས་མ་ཐོབ་མྱོང་མཁན་ཆོས་དབྱིངས་སྐྱིད་ལགས་དང་། ལིའུ་ཧོང་། གོང་ལི་ཅའོ་བཅས་བཀོད་འདུག ཆོས་དབྱིངས་སྐྱིད་ལགས་ད་རེས་རྒྱལ་སྤྱིའི་ཨོ་ལིམ་པིཀསི་རྩེད་འགྲན་ནང་ཞུགས་པ་ཐེངས་བཞི་པ་ཆགས་རྒྱུ་ཡིན་པ་མ་ཟད། ཁོང་མོ་ནི་ལོ་རྒྱུས་སྟེང་ཨོ་ལིམ་པིཀསི་གསེར་གྱི་རྟགས་མ་ལེན་མཁན་བོད་མི་ཐོག་མར་དེ་ཡིན་པ་རེད།
ས་གནས་ཕ་རན་སིའི་ནང་བཞུགས་པའི་བོད་མི་ཚོས་བོད་མི་རྩེད་འགྲན་པ་ཆོས་དབྱིངས་སྐྱིད་ལགས་ཀྱི་འགྲན་བསྡུར་གནང་རྒྱུར་ངང་སྒུག་བྱེད་དེ་རྩད་གཅོད་བྱེད་བཞིན་ཡོད་ཅིང་། ཕྱི་ཟླ་ ༨ ཚེས་ ༡ ཉིན་གྱི་རྩེད་འགྲན་གྱི་ནང་ནས་ཁོང་གི་མིང་ཐོ་ཕྱིར་འཐེན་བྱས་པ་མིན་འགྲོ་སྙམ་པའི་དྭོགས་པ་བྱས་ཡོད་ཅིང་། བོད་མི་ཚོས་སེམས་འཚབ་བྱེད་ཀྱི་ཡོད་པའི་སྐོར་ད་ལྟ་ཕ་རན་སིར་བཞུགས་པའི་ཤེས་རབ་དགའ་ཚལ་སློབ་གླིང་གི་དགེ་རྒན་ཟུར་པ་ཟླ་བ་ཚེ་རིང་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྗོད་བྱུང་།
ཆོས་དབྱིངས་སྐྱིད་ལགས་ཀྱིས་ཕྱི་ལོ་ ༢༠༡༢ ལོར་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་དུ་རྒྱལ་སྤྱིའི་ཨོ་ལིམ་པིཀསི་རྩེད་འགྲན་ནང་སྤྱི་ལེ་ ༢༠འི་འདུར་རྒྱུག་འགྲན་བསྡུར་ནང་ཞུགས་པའི་སྐབས་ཆུ་ཚོད་ ༡ དང་སྐར་མ་ ༢༥ སྐར་ཆ་ ༡༦ གྱིས་ཨེ་ཤེ་ཡའི་ལོ་རྒྱུས་ཟིན་ཐོར་བཀོད་ནས་ཟངས་ཀྱི་གཟེངས་རྟགས་ཐོབ་ཡོད་པ་དང་། ཪ་ཤི་ཡའི་ (Russia)བུད་མེད་འདུར་རྒྱུག་པ་གཉིས་ལ་གསེར་དང་དངུལ་གྱི་རྟགས་མ་རག་ཡོད་ན་ཡང་། རྗེས་སུ་ཁོང་གཉིས་ཀྱིས་འགྲན་བསྡུར་སྐབས་སྨན་རྫས་བེད་སྤྱོད་བྱས་ཡོད་པ་ཤེས་རྟོགས་བྱུང་སྟེ། གཟེངས་རྟགས་དེ་གཉིས་རྩིས་མེད་བཏང་པ་དང་། ཆོས་དབྱིངས་སྐྱིད་ལགས་སུ་གསེར་གྱི་རྟགས་མ་ཐོབ་པ་གསལ་བསྒྲགས་བྱས་ཡོད་འདུག་ལ། མི་ལོ་ ༡༡ གི་རྗེས་སམ་ཕྱི་ལོ་ ༢༠༢༣ ལོར་ཁོང་ལ་ཨོ་ལིམ་པིཀསི་ཀྱི་གསེར་གྱི་རྟགས་མ་རྗེས་གསབ་བྱས་ཏེ་དངོས་སུ་སྤྲད་ཡོད་པ་རེད།
ཆོས་དབྱིངས་སྐྱིད་ལགས་ནི་ཕྱི་ལོ་ ༡༩༩༠ ལོར་རྒྱ་ནག་གཞུང་གིས་དབྱེས་བའི་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཟེར་བའི་མདའ་བཞིའམ་ཧེ་ཡན་རྫོང་ཝ་འཇོག་ཡུལ་ཚོའི་བོད་པའི་འབྲོག་ཁྱིམ་དཀྱུས་མ་ཞིག་ཏུ་སྐྱེས་ཤིང་། རྒྱལ་སྤྱིའི་ཨོ་ལིམ་པིཀསི་འགྲན་ཚོགས་སྟེང་གསེར་གྱི་བྱ་དགའ་ལེན་མཁན་གྱི་བོད་པ་ཐོག་མ་དེ་ཡིན་པ་དང་། ཁོང་ཕྱི་ལོ་ ༢༠༡༠ ལོར་རྒྱ་ནག་རྒྱལ་ཁབ་ཀྱི་མཆོང་རྒྱུག་འཕེན་གསུམ་རུ་ཁག་ཏུ་ཞུགས་རྗེས། ཕྱི་ལོ་ ༢༠༡༢ ལོར་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་དུ་འཚོགས་པའི་རྒྱལ་སྤྱིའི་ཨོ་ལིམ་པིཀསི་འགྲན་ཚོགས་ནང་ཞུགས་པ་དང་། དེ་བཞིན་ཕྱི་ལོ་ ༢༠༡༥ ལོའི་སིཔེན་རྒྱལ་ཁབ་ཏུ་ཚོགས་པའི་རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་འགྲན་བསྡུར་གྱི་སྤྱི་ལེ་༢༠ཅན་གྱི་བུད་མེད་འདུར་རྒྱུག་འགྲན་བསྡུར་ཁྲོད་ཨང་གཉིས་པ་དང་། རྒྱ་ནག་རྒྱལ་ཡོངས་རྟིང་རྩོད་འགྲན་བསྡུར་གྱི་ནང་ཡང་སྤྱི་ལེ་ ༢༠ ཅན་གྱི་བུད་མེད་འདུར་རྒྱུག་འགྲན་བསྡུར་ཁྲོད་ཨང་དང་པོ་བཅས་ཐོབ་མྱོང་ཡོད་པ་རེད།།
གསར་འགོད་པ། བཀྲིས་དབང་ཕྱུག ཀླུ་འབུམ།
རྩོམ་སྒྲིག་པ། བསྟན་འཛིན་པདྨ།
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།