བོད་ཀྱི་དོན་གཅོད་ཟུར་པ་དང་ཡོ་རོབ་སྤྱི་ཟུར་ཀོ་རན་ཆུང་བདག་ལགས་དགུང་ལོ་ ༧༤ ཐོག་འདས་གྲོངས་ཕེབས་འདུག
སྤྱི་ཟུར་ཀོ་རན་ཆུང་བདག་ལགས་ཡུན་རིང་སྙུང་གཞིའི་རྐྱེན་པས་ཕྱི་ཟླ་༩བའི་ཚེས་༡༠་སྟེ་རེས་གཟའ་མིག་དམར་ཉིན་གྱི་ཕྱི་དྲོར་དགུང་ལོ་ ༧༤ ཐོག་ནོར་ཝའི་རྒྱལ་ས་ཨོས་ལོའི་ (Oslo) སྨན་ཁང་ཞིག་གི་ནང་སྐུ་ཟླ་(Michael) ལགས་ཡོད་སར་སྐུ་ཚེ་མ་ཟིན་པའི་གནས་ཚུལ་བྱུང་འདུག
སྤྱི་ཟུར་ཀོ་རན་ཆུང་བདག་ལགས་ནི་ཕྱི་ལོ་ ༡༩༥༠ ་ལོར་བོད་དབུས་ཀྱི་ཕག་རིར་སྐུ་འཁྲུངས་པ་དང་། ཕྱིས་སུ་རྒྱ་གར་དུ་ཕེབས་རྗེས་རིམ་པས་རྒྱ་གར་ཀ་སྦུག་གི་(St Joseph)་དང་ལྡེ་ར་རྡུན་གྱི་(UCNL)་ཞེས་པའི་སློབ་གྲྭ་སོགས་ནང་སློབ་གཉེར་གནང་བའི་རྗེས་སུ། ཕྱི་ལོ་ ༡༩༦༧ ་ནས་ ༡༩༦༨ བར་བཞུགས་སྒར་རྡ་རམ་ལར་བོད་པའི་སློབ་གྲྭར་དང་བླངས་ཞབས་ཞུ་གནང་བ་དང་། ཕྱི་ལོ་ ༡༩༦༨ ་ནས་ ༦༩ ་བར་རྡོ་རྗེ་གླིང་སོ་ན་ཌའི་མཉམ་འབྲེལ་འགན་འཛིན་གྱི་ཐུགས་འགན་བཞེས་གནང་འདུག
ཕྱི་ལོ་ ༡༩༦༩ ་ལོར་སློབ་ཡོན་ཐོབ་པ་བརྒྱུད་ནས་ནོར་ཝེའི་རྒྱལ་ས་ཨོས་ལོར་ཕེབས་ནས་ལོ་གསུམ་རིང་སྨན་ཞབས་པའི་སློབ་སྦྱོང་གནང་བ་མ་ཟད། ལོ་གཅིག་རིང་མཁལ་མ་གསོ་བཅོས་ཀྱི་ཆེད་ལས་མཁས་པའི་སློབ་གཉེར་གནང་རྗེས་ཨོས་ལོའི་གཙུག་ལག་སློབ་གཉེར་ཁང་གི་སྨན་ཁང་ནང་ལོ་ངོ་ ༡༩ ་རིང་སྨན་ཞབས་པའི་ཕྱག་ལས་གནང་པ་དང་དུས་མཚུངས་བོད་རིགས་ཚོགས་པ་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་བཅས་ཀྱི་ནང་ལ་ཡང་ཕྱག་གནང་འདུག
དེ་ནས་ཁོང་གིས་ཕྱི་ལོ་ ༡༩༨༨ ་ལོར་ནོར་ཝེ་བོད་རིགས་ཚོགས་པ་གསར་འཛུགས་གནང་སྐབས་ཐུགས་འགན་གཙོ་གྲས་བཞེས་མཁན་ཡིན་པ་དང་། ཕྱི་ལོ་ ༡༩༨༩ ་ལོར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་དང་བསྟུན་ནས་དབྱིན་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གིས་ཁོང་ནོར་ཝེའི་ཚོགས་ཆུང་དང་དབྱིན་ཡུལ་དོན་གཅོད་གཉིས་བར་གཞུང་འབྲེལ་འབྲེལ་མཐུད་པར་བསྐོ་བཞག་གནང་བ་དང་དེ་འདྲའི་ཞབས་ཞུ་སྒྲུབ་རྒྱུའི་སྐལ་བཟང་གི་གོ་སྐབས་ཐོབ་པ་ནི་ཁོང་གི་མི་ཚེའི་ནང་བརྗེད་ཐབས་མེད་པ་ཞིག་ཡིན་སྐོར་ལོ་ཤས་སྔོན་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ཡོད། ད་དུང་ཁོང་གིས་ཕྱི་ལོ་ ༡༩༩༦ ་བར་ལོ་མང་རིང་ནོར་ཝེའི་ཚོགས་ཆུང་གི་འགན་འཛིན་ལྷན་ཚོགས་ནང་ཕྱག་ལས་གནང་འདུག
ཕྱི་ལོ་ ༡༩༩༥ ་ནས་ཕྱི་ལོ་ ༢༠༠༡ ་ལོ་བར་སུད་སིའི་གྲོང་ཁྱེར་ཇི་ནི་ཝར་ཡོད་པའི་བོད་ཀྱི་སྐུ་ཚབ་དོན་གཅོད་ལ་བསྐོ་བཞག་གནང་བ་དང་། དེ་ནས་ཕྱི་ལོ་༢༠༠༡་ལོ་ནས་བཟུང་ནོར་ཝའི་བོད་རིགས་ཚོགས་པའི་འཛིན་སྐྱོང་ལྷན་ཚོགས་ཀྱི་ཚོགས་མིའི་ཐུགས་འགན་བཞེས་པ་མ་ཟད། སུད་སི་ནང་ཡོ་རོབ་བོད་རིགས་ཚོགས་པའི་ཚོགས་ཆེན་ཐེངས་དང་པོ་དེ་ཡང་གོ་སྒྲིག་ཞུས་གནང་འདུག
ཡང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་༢༠༠༢་ལོར་(Austria)་རྒྱལ་ས་(Graz་)ནང་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་སྩལ་གནང་མཛད་སྐབས་ཞབས་ཞུ་གང་ལེགས་ཞུས་ཡོད་པ་མ་ཟད། ཁོང་སུད་སིའི་སྐུ་ཚབ་དོན་གཅོད་གནང་སྐབས་ཨི་ཊ་ལིའི་གཞས་པ་གྲགས་ཅན་(Parvarotii)་ལགས་ཀྱིས་བོད་པའི་སློབ་ཕྲུག་རྣམས་ཀྱི་ཆེད་དང་(UNESCO)་ཞེས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆུང་བརྒྱུད་ནས་བོད་པའི་སློབ་ཕྲུག་རྣམས་ཀྱི་ཆེད་དཔལ་འབྱོར་བསྡུ་རུབ་ཆེད་རོལ་དབྱངས་འདུ་འཛོམས་སོགས་ཀྱང་གོ་སྒྲིགས་ཞུས་པའི་ཁར། ཡོ་རོབ་ཁུལ་གྱི་ཡུལ་གྲུ་ཁག་གི་སྲིད་བློན་དང་སྲིད་འཛིན་གཙོས་པའི་དཔོན་རིགས་ཁག་དང་ལྷན་དུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་མཇལ་འཕྲད་ཞུ་རྒྱུ་སོགས་ཀྱང་གོ་སྒྲིག་ཞུས་འདུག ཀོ་རན་ཆུང་བདག་དམ་པ་ཁོང་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་གནང་ཕྱིར་ཕྱག་ལས་རྒྱ་གང་ཆེ་གནང་བར་བརྟེན་ནས་ཕྱི་ལོ་༢༠༠༨་ལོར་ཁོང་ལ་(Norwegian Pen Ossieetzksy)་ཞེས་པའི་གཟེངས་རྟགས་བྱ་དགའ་ཕུལ་ཡོད་པ་དང་། ཕྱི་ལོ་ ༢༠༡༡ ་ལོར་སྐབས་ ༡༥ ་པའི་ཡོ་རོབ་ཁུལ་ནང་བོད་མི་མང་གི་སྤྱི་འཐུས་ལ་འོས་འདེམས་བྱུང་འདུག ཡིན་ན་ཡང་ཁོང་སྐུ་གཟུགས་བདེ་མིན་གྱི་རྐྱེན་པས་ཕྱི་ལོ་ ༢༠༡༤ ་ལོའི་ཕྱི་ཟླ་གསུམ་པའི་ནང་སྤྱི་འཐུས་ནས་དགོངས་ཞུས་པ་འདུག
ཀོ་རན་ཆུང་བདག་ལགས་དམ་པས་བོད་མིའི་བདེ་དོན་སླད་ཕྱག་ལས་རྒྱ་ཆེ་གནང་བའི་མཛད་རྗེས་ཆེན་པོ་ཡོད་པའི་བོད་པའི་བུད་མེད་ཞིག་ཡིན་པ་མ་ཟད། བོད་ཀྱི་སྐུ་ཚབ་དུ་བསྐོ་བཞག་གནང་བའི་བོད་པའི་བུད་མེད་དང་པོ་དེ་ཡང་ཡིན་འདུག
གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།