བོད་དུ་ཨ་རིའི་བརྙན་འཕྲིན་གསར་འགོད་པ་བཀག་འགོག
2012.01.31
༄༅༎ཨ་མི་རི་ཀའི་སི་ཨེན་ཨེན་བརྙན་འཕྲིན་གྱི་གསར་འགོད་པ་བོད་མི་རྣམས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་ལས་འགུལ་བྱེད་ཡུལ་ས་ཁུལ་དུ་འགྲོ་བསྐྱོད་སྐབས་ལམ་དུ་བཀག་ནས་ཕྱིར་ལོག་འགྲོ་དགོས་པའི་བཙན་བཀའ་བཏང་བའི་གནས་ཚུལ་ཐོན་འདུག་། ཨ་མི་རི་ཀའི་སི་ཨེན་ཨེན་བརྙན་འཕྲིན་གྱི་གསར་འགོད་པ་སིཀྲེན་གེ་རེནཏ་གྱིས་གནས་ཚུལ་ཁྱབ་སྤེལ་གནང་དོན་ལྟར་ན་ བོད་མི་རྣམས་ཀྱི་ངོ་རྒོལ་བྱེད་ཡུལ་བྲག་མགོ་དང་ གསེར་རྟ་དང་ འཛམ་ཐང་ཁུལ་དུ་དངོས་ཡོད་གནས་ཚུལ་མཁོ་སྒྲུབ་ཀྱི་ཆེད་དུ་སི་ཨེན་ཨེན་གསར་འགོད་པའི་རུ་ཁག་ཞིག་འགྲོ་སྐབས་ ལམ་དུ་ཞིབ་བཤེར་དྲི་རྩད་ཀྱི་ས་ཚུགས་ཤིན་ཏུ་ནས་མང་པོ་ཡོད་པ་དང་ ཁོང་རྣམས་བོད་ཀྱི་ས་ཁུལ་དུ་འབྱོར་བ་ལ་ཆུ་ཚོད་གཅིག་ཙམ་ཡོད་པའི་སྐབས་སུ་རྒྱ་མིའི་ཉེན་རྟོག་པ་ས་ཚུགས་ཤིག་ཏུ་བཀག་ནས་མདུན་དུ་འགྲོ་མི་ཆོག་པའི་བཙན་ཤེད་བྱས་ནས་ཕྱིར་ལོག་ཏུ་བཏང་འདུག་། སྐབས་དེར་མོ་ཌའི་ཁ་ལོ་བས་ངོ་རྒོལ་བྱེད་ཡུལ་ས་གནས་སུ་ཁ་པར་བཏང་དུས་ བོད་མི་ས་གནས་གྲོང་གསེབ་ཞིག་གི་ནང་རྒྱ་མིའི་དམག་མི་དང་ ཉེན་རྟོག་པས་ཁེངས་ནས་ ཚབས་ཆེའི་ཛ་དྲག་ཡོད་པའི་སྐོར་འགྲེལ་བརྗོད་བྱས་འདུག་། སི་ཨེན་ཨེན་གྱི་གནས་ཚུལ་དེ་གའི་ནང་ ཟི་ཁྲོན་གྲོང་ཁྱེར་ དྲེན་རྡུའི་གྲོང་ཁྱེར་ནང་གི་བོད་མི་སྡོད་ཡུལ་དུ་རྒྱ་ནག་གི་ཉེན་རྟོག་དམག་མི་འབོར་ཆེན་ཆེད་འཛུགས་བྱས་ནས་བལྟ་སྲུང་ནན་པོ་བྱེད་བཞིན་པ་ཡིན་པ་དང་ ས་གནས་སུ་ཡོད་པའི་བོད་མི་རྣམས་ཀྱིས་གསར་འགོད་པར་སྐད་ཆ་ཤོད་རྒྱུའི་ཐད་དངངས་སྐྲག་དང་ཐེ་ཚོམ་ཆེན་པོ་བྱེད་ཀྱི་ཡོད་པའི་མཐོང་ཚུལ་བྱུང་ཡོད་པ་བཅས་ཀྱི་གནས་ཚུལ་ཐོན་འདུག་།